འཁྲུངས་སྐར་དུས་ཆེན།
༄༅།། བོད་ཟླ་ ༥ ཚེས་ ༥ ཉིན་ (རྗེས་སོར་ཕྱི་ཟླ་༸ཚེས་༦ལ་གཏན་འབེབས་མཛད་) སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་འཁེལ་བའི་མཛད་ཆེན་ལ་རྩེ་ཕོ་བྲང་དང་། ནོར་གླིང་ཕོ་བྲང་ཡང་སྟེང་སོ་སོར་མཛོད་ཆུང་ནས་གྲ་བསྒྲིགས་ཞུས་པ་ལྟར་བརྒྱགས་བརྔན་ལྷ་བསང་དང་། འཁྲུངས་ལྷའི་གསོལ་མཆོད། སྐུ་ཁམས་དང་མཐུན་པའི་དབུ་ལྕོག་གསར་དུ་སྒྲོན་འཛུགས་ཞུས།ཡབ་གཞིས་སྐུ་ངོ་རྣམས་ནས་སྔ་དྲོ་གཟིམ་ཆུང་དུ་ནང་མའི་རྟེན་གསུམ་མཇལ་དར་ཕུལ། དྲུང་བཞེས་ཚུགས། གསོལ་ཇ། བཞེས་འབྲས་ཕེབས། བཀའ་ཤག་དང་། རྩེ་མགྲོན་ཡན་ནས་རྒྱུན་ཆས་ཁ་གསར་ཐོག་རྩེ་ཕོ་བྲང་དུ་གཟིམ་ཆུང་དགའ་ལྡན་ཡང་རྩེ་དང་། ནོར་གླིང་དུ་བཞུགས་སྐབས་མཚོ་དཀྱིལ་ཕོ་བྲང་ལྷུན་གྲུབ་དགའ་ཚལ་དུ་བཞུགས་ཁྲི་བདེ་སྟན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་བཞུགས་འཁོད་ཀྱིས་སྐུའི་ཡོངས་འཛིན་རྣམ་གཉིས་ནས་སྐུའི་ཚེ་རྫས་འབུལ་གནང་གིས་དབུ་གཏུགས་མཛད། ཕྱག་སྲུང་གནང་།མཛོད་ཆུང་ནས་ཡོངས་འཛིན་རྣམ་གཉིས་ལ་མགུལ་དར་དང་། རྩེ་ཕྱག་ནས་ནམ་རྒྱུ་སྤུ་ཕྲུག་བཅས་འབུལ་གནང་མཛད་དེ་བཞུགས་ཞབས་འཁོད། བཀའ་བློན་རྣམ་པས་མཚོན་ནང་མ་ཡན་རྒྱུན་ཆས་ཁ་གསར་ཐོག་ནས་གོ་བབ་ཀྱི་མཇལ་དར་དཀར་གཙང་རེ་ཕུལ་ཏེ་མཇལ་ཁ་ཞུས།ཕྱག་སྲུང་སྩལ་ཏེ་མཚོ་དཀྱིལ་ཕོ་བྲང་ལ་ཞབས་བསྐོར་དང་འབྲེལ་ཉི་འོད་དུ་ཕེབས།ཕེབས་སྒོ་བཞེས་སྤྲོ་དང་། གསོལ་ཇ་གཉིས་པ་ཕེབས་ཏེ་དྲུང་བཞེས་གྲོལ།ཡབ་གཞིས་སྐུ་འཁོར་རྣམས་ནས་ནོར་གླིང་མགོན་པོ་ཁང་དུ་གནས་གཟིགས་བསྐང་འཕར་འཕྲིན་བཅོལ་དང་འབྲེལ་ནོར་གླིང་ནས་ཆིབས་ཧྲག་དང་བཅས་རྒྱལ་ས་ལྷ་སའི་ཤར་ཕྱོགས་འགྱངས་ཐག་མལ་ལེ་གཉིས་ཙམ་ཡོད་པའི་འཁྲུངས་ལྷ་ཞེས་པའི་མགོན་ཁང་དང་། མཐའ་སྐོར་གླིང་ག་ཡོད་ས་དེར་ཕེབས་ཏེ་འཁྲུངས་ལྷའི་གསོལ་མཆོད་རྒྱས་ཚུགས་ཡོད་པ་བཞིན།དབུ་ལྕོག་གསར་སྒྲོན་དང་འབྲེལ་ལྷ་རྟེན་རྣམས་ལ་༸གོང་ས་མཆོག་གི་ཐུགས་སྨོན་སྙན་དར་དང་། ༸རྒྱལ་བའི་ཡབ་ཡུམ་སྐུ་འཁོར་རྣམས་ལ་གཞུང་གནས་ཀྱི་གསོལ་ཚིགས་གཟབ་རྒྱས་ཉིན་གཉིས་ཕུལ། ཡབ་གཞིས་སྐུ་ངོ་རྣམ་པས་གཞུང་ཞབས་སེར་སྐྱ་ལས་ཚན་ཡན་ལ་གསོལ་མགྲོན་ཉིན་གཉིས་སྩལ་སྐབས་སྐུ་མགྲོན་རྣམས་ནས་འབྱོར་འཕྲལ་༸རྒྱལ་བའི་ཡབ་ཡུམ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་མཇལ་དར་དཀར་གཙང་རེ་དང་འཁྲུངས་ལྷའི་ལྷ་རྟེན་རྣམས་ལ་༸སྙན་དར་འཕྲིན་བཅོལ་ཞུ་སྲོལ། དེ་ཉིན་འཁྲུངས་སྐར་མཛད་ཆེན་ལ་ལྷ་ཞོལ་ཁུལ་གཏན་སྡོད་སོགས་མི་མང་སེར་སྐྱ་ཚང་མས་དགའ་གུས་སྤྲོ་གསུམ་སྒོ་ནས་རང་རང་གོས་རྒྱན་གཟབ་མཆོར་ཐོག་དཔལ་ལྷ་ཞི་དྲག་དང་། རྨེ་རྙིང་དཔེ་ཧར་ལྕོག་སོགས་མགོན་ལྕོག་ཁག་ལ་བསངས་གསོལ་འཕྲིན་སྐྱེམས་སྙན་ཤལ་སོགས་འབུལ་བར་འཚངས་ཀ་ཤིག་ཤིག་བཅར་བ་དང་། སྐྱིད་ཆུའི་འགྲམ་དུ་ཆུ་བསངས་གཏོང་བ་དང། དབུ་ལྕོག་སྒྲོན་འཛུགས་སོགས་རྒྱ་ཆེ་ཞུ་གི་རེད།།
ཞོ་སྟོན།
༄༅།། བོད་ཟླ་ ༦ ཚེས་ ༢༩ ཉིན་ཞོ་སྟོན་སྒོ་དབྱེའི་གཟིགས་ཕུད་ཡིན། ཞོ་སྟོན་ཞེས་པ་ནི་སྟོན་པ་ཐུབ་པའི་དབང་པོའི་བསྟན་པ་རིན་པོ་ཆེ་དེ་འཛིན་དང་བཅས་པའི་མངའ་བདག་༸གོང་ས་༸སྐྱབས་མགོན་ཆེན་པོས་དབུས་གདན་གསུམ་དང་། གླིང་ཕན་ཚུན་ཚང་མའི་མཁན་པོ་བླ་སྤྲུལ་གྱིས་མཚོན་དགེ་འདུན་གྱི་འདུས་སྡེ་རྣམས་དབྱར་གནས་ཞལ་བཞེས་ཀྱི་སྐབས་སུ་བདུད་དགའ་རབ་དབང་ཕྱུག་གིས་བསྟན་པ་ལ་བར་ཆད་མི་འབྱུང་བའི་ཆེད་བདུད་སྡེར་གཏོགས་དང་བཅས་པ་སྤྲོ་བ་བསྐྱེད་པའི་སླད་འདོད་ཆོས་དང་མཐུན་པར་དབྱར་ཞལ་བཞེས་ཀྱི་དཀྱིལ་དུ་འཕགས་པའི་ཆོས་དང་མི་མཐུན་པའི་རྣམ་པ་མངོན་གསལ་ཅན་ཞིག་སྟོན་དགོས་པ་སོགས་དགོས་པ་དུ་མ་ཞིག་ཡོད་འདུག་པ་ལྟར་གོང་ཚེས་ཀྱི་སྔ་དྲོ་ལྷ་མོ་བ་འབག་དཀར་པོ་འཕྱོང་རྒྱས་སྤུན་བདུན་པ་དང་། ཡར་ལུང་བཀྲིས་ཞོལ་པ། སྙེ་མོ་བ། སྣང་རྩེ་བ་རྣམས་ཀྱིས་སྣེ་དྲངས་ལྷ་མོ་རྔོན་པ་བ་རྒྱལ་མཁར་ཆོས་རྫོང་དང་། ཤངས་རི་བོ་ཆེ་པ༑ གཅུང་རི་བོ་ཆེ་པ། སྐྱོར་མོ་ལུང་པ། ཤེ་རོང་འབྲོང་རྩེད།བྲོ་པ་སོགས་ནས་དང་པོར་རྩེ་ཕོ་བྲ་དང་། དེ་ནས་ནོར་གླིང་། དགོང་དྲོ་འབྲས་སྤུངས་ཕོ་བྲང་བཅས་པར་ལྷ་མོའི་གླུ་གར་གྱི་གཟིགས་ཕུད་ཕུལ།། >༡༌འབྲས་སྤུངས་ཞོ་སྟོན། བོད་ཟླ་ ༦ ཚེས་ ༣༠ ཉིན་སྔ་དྲོ་དགེ་འཕེལ་དབུ་རྩེར་ཉི་ཤར་མཚམས་འབྲས་སྤུངས་དགོན་པའི་ནུབ་ངོས་རི་ལྡེབས་གོས་སྐུ་ཁང་དུ་སྟོན་པ་ཐུབ་པའི་དབང་པོ་གཙོ་གྱུར་གྱི་སྐུ་བརྙན་ཡོད་པའི་གོས་སྐུ་འགྲེམས་སྟོན་གྱི་མཆོད་འབུལ་སར་འབྲས་ཚོགས་ཆེན་དགེ་སྐོས་གསར་རྙིང་བརྗེ་ལེན་གནང་སྐབས་སྔར་སྲོལ་གྱི་རིམ་པ་ཁག་དང་། ཟློས་གར་ལྷ་མོ་བ་རྣམས་ནས་གོས་སྐུའི་སྤྱན་སྔར་གཟིགས་ཕུད་རིམ་བཞིན་འཁྲབ་འབུལ་ཟིན་པ་དང་། དེ་ནས་ལྷ་མོ་བ་རང་རང་གི་ཐོབ་ཁུངས་ཁང་ཚན་སོ་སོར་རྒྱལ་རབས་འདྲ་མིན་ལྷ་མོ་ཉིན་འཁྱོངས་འཁྲབ་ལེན་བྱེད་ཅིང། འདིའི་ཉིན་གོས་སྐུའི་ཞལ་མཇལ་དང་། ལྟད་མོ་བལྟ་བར་སེར་སྐྱ་ཇི་སྙེད་ཡོང་གི་ཡོད་ཅིང་། དེ་ཉིན་གནམ་གང་ཡིན་པས་དགེ་འདུན་དང་། སྐུ་མགྲོན་ཚང་མར་གསོལ་ཚིགས་དཀར་སྐྱོང་ཞོ་འབྲས་གཏོང་བར་བརྟེན་ཞོ་སྟོན་ཞེས་ཐ་སྙད་ཆགས་ཚོད་འདུགའབྲས་སྤུངས་དགེ་འདུན་ཚོའི་ཤག་ཚང་སོ་སོར་ལྷ་ཞོལ་ཁུལ་སོགས་ནས་འབྲེལ་ཡོད་མགྲོན་འབོད་དང་། དེ་མིན་ལྷ་མོའི་གཟིགས་མོར་ཕེབས་མཁན་ལྷ་ཞོལ་མི་མང་དང་། ཉེ་སྐོར་གྲོང་གསེབ་པ་སོགས་གཟབ་མཆོར་བྱས་ཏེ་ཡོང་མཁན་ཤིན་ཏུ་མང་པོ་ཡོང་། >༢༌སེ་ར་ཞོ་སྟོན། གོང་ཚེས་ ༣༠ ཉིན་སེ་ར་དགོན་པར་ཡང་སེ་ར་ཞོ་སྟོན་ཞེས་སེ་ར་ཚོགས་ཆེན་གྱི་སྒོ་འཕྱོར་འོག་ཏུ་གནས་སྲུང་བྱ་ཁྲི་སྤྱན་གཅིག་སྐུ་བསྟེན་གྱི་ཁོག་གཞིར་སྤྱན་འདྲེན་ཞུས། ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་བླ་སྤྱིའི་མཁན་པོ་བླ་སྤྲུལ་དགེ་འདུན་ཡོངས་ནས་མཇལ་ཁ་ཞུས་ཏེ་སྒྲོན་དར་ཕུལ། ལྷ་འཁོར་རུ་འདྲེན་རྣམས་ནས་འཆམས་རྒྱབ་པར་གཟིགས་མོ་གཟིགས། བླ་སྤྱིས་ལུང་ཞུ་ཕུལ་བར་ཆོས་སྐྱོང་གིས་བསྟན་པ་དང་། ཡུལ་སྤྱིའི་བདེ་ཐབས་སྐོར་ལ་ལུང་བསྟན་དང། བརྟག་གཞི་ཞེས་དངོས་རྫས་འདྲ་མི་འདྲ་སྣ་ཚོགས་ལ་གོ་བ་རྒྱག་རྒྱུ་ཡོད་པའི་བཟོ་དབྱིབས་ལུང་བཀོད་གནང་སྟེ་བཅོས་དགོས་པ་དང་། དྲུང་ཡིག་ནས་དེ་དག་ཐོ་བཀོད་བྱས་པའི་ཡི་གེ་ནས་ཚང་མས་མ་འོངས་ཡུལ་གྱི་བདེ་སྡུག་གོ་བ་ལེན་དགོས་ཤིང་། འདི་ལ་དམིགས་བསལ་གཞུང་འབྲེལ་ཆེ་བ་མེད་ཀྱང་།ལྷ་ས་བ་སྤྱིར་བཏང་དང་།བྱེ་བྲག་སེ་ར་དགོན་སྤྱིའི་སྲུང་མ་ཞིག་རེད།གོང་གསལ་ཀརྨ་ཤར་ཆོས་སྐྱོང་གི་རུ་འདྲེན་རྣམས་ནས་བོད་ཟླ་༧ཚེས་༡ཞོགས་པ་སྔ་ཆར་རྩེ་ཕོ་བྲང་དང་། དེ་ནས་ནོར་གླིང་ཕོ་བྲང་དུ་འཆམས་ཕུད་གཟིགས་འབུལ་ཞུ་དགོས་ཀྱིས་རུ་འདྲེན་དང་ལས་སྣེ་རྣམས་ནོར་གླིང་བསྐལ་བཟང་ཕོ་བྲང་དུ་བཅར་ཏེ་སེ་ར་ཞོ་སྟོན་སྐབས་ཀྱི་གནས་སྲུང་བྱ་ཁྲིའི་ལུང་བསྟན་ཤོག་ལྷེ་༸གོང་ས་ཆེན་པོར་མགྲོན་བརྒྱུད་སྙན་འབུལ་ཐོག་ལྷ་འཁོར་རུ་འདྲེན་རྣམས་ནས་ཕོ་བྲང་གཟིགས་མཐོངས་སྡིངས་ཆའི་སྟེང་དུ་འཆམས་ཕུད་གཟིགས་འབུལ་སྐབས་ཐོག་མར་སྡེ་ཚན་རེ་རེ་དང་། མཐར་སྡེབས་འཆམས་ཀྱིས་གཟིགས་འབུལ་ཞུས་མཐར་གཟིམ་ཆུང་ནས་ཕྱག་སྲུང་དང། མཛོད་ཆུང་དང་། རྩེ་ཕྱག་སོ་སོ་ནས་ལེགས་དར་སྩལ་སྲོལ་ཡོད་ཅིང་། དེ་ནས་ལུང་བསྟན་དང་། རྟགས་མཚན་གྱི་ཡི་གེ་ལྷ་སའི་ཀརྨ་ཤར་ལྕོག་གི་རྩིག་ལྡེབས་སུ་སྦྱར་བ་ཡུལ་མིས་བལྟ་བ་དང། ངོ་བཤུས་ལེན་པ་རེད།ཆོས་སྐྱོང་འདིའི་མཚན་དངོས་ལྷ་བྱ་ཁྲི་སྤྱན་གཅིག་ཅེས་འབོད་ཅིང་། འོན་ཀྱང་ཀརྨ་ཤར་ཆོས་སྐྱོང་ཞེས་འབོད་དོན་ནི། ལྷ་སར་ཆོས་སྐྱོང་བྱ་ཁྲི་སྤྱན་གཅིག་གི་ལྕོག་ཡོད་སའི་ས་ཁུལ་འདིར་ཀརྨ་ཤར་ཆེན་ཞེས་ཟེར་བར་བརྟེན་ས་མིང་ལྕོག་ཏུ་ཐོགས་ཏེ་ཀརྨ་ཤར་ཞེས་འབོད་སྲོལ་འདུག། >༣༌ལྷ་ས་ཞོ་སྟོན། བོད་ཟླ་ ༧ ཚེས་ ༢ ནས་བཟུང་ཉིན་བཞི་རིང་ཞོ་སྟོན་དངོས་གཞིར་ནོར་གླིང་བསྐལ་བཟང་ཕོ་བྲང་གི་ལྕགས་རི་ནང་མའི་ཤར་ངོས་གཟིགས་ཞིབ་གཟིམ་ཆུང་ཁམས་གསུམ་ཟིལ་གནོན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་ཞབས་སོར་འཁོད་ཐོག་དེའི་གཟིགས་མཐོངས་སྡིངས་ཆ་ཆེན་མོའི་དབུ་གཡབ་འོག་རྩེ་གཟིམ་འགག་དང་། གཡོན་དུ་སྲིད་བློན་གྱི་དབུ་གུར་དང་། གཡས་སུ་རྒྱ་གར་གཞུང་ཚབ་ཀྱི་མགྲོན་གུར་ཞལ་ཤར་ཕྱོགས་གཟིགས།བྱང་ངོས་ཡབ་གཞིས་སྐུ་ངོ་རྣམ་པ་དང་། དེའི་གཤམ་ཟུར་བཅད་བཀའ་བློན་ལས་ཟུར་སོགས་ཞི་དྲག་ཤོད་སྐོར་ལས་དཀྱུས་དྲུང་གཏོགས་ཡན་ཞལ་ལྷོ་གཟིགས། ལྷོ་ངོས་རྩེ་སྐོར་སྐུ་ངོ་དང་། ཛ་དར་ཏ་གསུམ་ནང་མ་མཁན་སྡེ་ཆེ་ཆུང་སོགས་ཞི་དྲག་ལས་དཀྱུས་དྲུང་གཏོགས།ལ་འབྲུག་ལོ་ཕྱན། ཁ་བལ་འགོ་པ་སོགས་ལ་གུར་ཁག་གསུམ་ཞལ་བྱང་གཟིགས་ནང་སོ་སོའི་གོ་ཐོབ་ཀྱི་བཞུགས་གདན་སོགས་རྩེ་གུར་གདན་ནས་སྔོན་སྒྲོན་གྲ་སྒྲིག་ཐོག་མགྲོན་གཟིམ་ནས་སྲིད་བློན་དང་། སྣེ་ཤན་རྩེ་མགྲོན་ནས་ཡབ་གཞིས་སྐུ་ངོ་རྣམ་པ་གདན་ཞུས་བཀའ་བློན་སོགས་ན་བཟའ་རྒྱུན་ཆས་ཁ་གསར་བཞེས་ཏེ་ནོར་གླིང་སྡིངས་ཆའི་སྟེང་གྲལ་བསྟར་གྱིས་ཕེབས་ཏེ་སོ་སོའི་གོ་བབ་ཕྱག་འབུལ་ཞུས་ཏེ་གྲལ་ལ་འཁོད། བོད་ལྗོངས་སྲུང་དམག་སྤྱི་ཁྱབ་དང་མདའ་དཔོན་སོགས་དྲག་པོའི་འགོ་བྱེད་རྣམས་ནས་གུས་བཏུད་ཞུས། སྲུང་སྐྱོབ་འགོ་དམག་རྣམས་ནས་རུ་སྒྲིག་ཞུས། སྡིངས་ཆའི་སྟེང་ནས་དམག་སྤྱིས་བོད་ལུགས་དམག་བརྡ་དང་བསྟུན་༸རྒྱལ་གླུའི་རོལ་ཆ་དང་བཅས་གུས་བཏུད་ཞུས་ཏེ་ཕོ་བྲང་ལྕགས་རིའི་ཕྱི་རོལ་དུ་གནས་སྐབས་ཀྱི་སྒར་སར་ལོགལྷ་ཞོལ་མི་མང་དང་།ཕྲུ་གུ་སོགས་མི་དམངས་ཤིན་ཏུ་མང་པོ་ཕོ་བྲང་ལ་ཞབས་སྐོར་དང་འབྲེལ་ཞལ་མཇལ་དང་། ལྟད་མོ།གླིང་གཏོང་སོགས་ཆབས་ཅིག་ཏུ་ཡོང་སྟེ་ཇ་དམ་ནང་ཇ་དང་། ཀུ་རྩེའི་ནང་ཞིམ་ཟས་ཁ་ལག་སྣ་ཚོགས་འཁྱེར་ཡོང་ནས་སྤྲོ་སེང་བཏང་ཡོང་། ཕོ་བྲང་གི་ལྕགས་རིའི་ཕྱི་རོལ་མལ་ལེ་གཅིག་གི་ནང་འཁོར་ལ་ཆང་རག་འཐུང་ཚོང་མི་ཆོགདེ་མིན་ཇ་དང་། ཞལ་ཏོག་བྱེ་རིལ། ཤིང་འབྲས་སོགས་ཚོང་མི་མང་པོ་ཡོང་། དེ་ལྟར་ཉིན་དང་པོར་ལྷ་མོ་བ་རྒྱལ་མཁར་ཆོས་རྫོང་བ་དང་། ཉིན་གཉིས་པར་ཤངས་རི་བོ་ཆེ། ཉིན་གསུམ་པར་གཅུང་རི་བོ་ཆེ།ཉིན་བཞི་པར་སྐྱོར་མོ་ལུང་པ་སོགས་ནས་རྒྱལ་རབས་མི་འདྲ་བའི་གཞུང་རེ་འཁྲབ་སྟོན་ཞུ་བ་དེ་ཚོར་ཉིན་རེ་བཞིན་༸གོང་ས་མཆོག་གི་ཕྱག་སྲུང་དང་། གཞུང་གནས་ནས་ལེགས་དར་དང། གནང་སྦྱིན་རྒྱ་ཆེན་པོ་སྩལ་ཡོང་། དེའི་དབར་འབྲས་སེ་གཉིས་ཀྱི་དགེ་འདུན་ལ་ཉིན་གསུམ་རིང་རིགས་གྲ་ཞེས་གཏོང་སྒོའི་བསྙེན་བཀུར་དང་བཞེས་ཟས་འབུལ་སྲོལ་ཡོང་། བོད་ཟླ་༧ཚེས་༧-༨ ལ་ཞོལ་གཉེར་ལས་ཁུངས་ནས་སྔར་ལམ་ཟློས་གར་ལྷ་མོའི་རྒྱལ་རབས་ཉིན་འཁྱོངས་གཉིས་བཞེས་སྲོལ་དང་། ཕྱོགས་མཚུངས་ཚེས་༨ནས་ཚེས་༡༢བར་ལྷ་ཁུལ་གླིང་ཁག་དང་། སྡེ་དཔོན་མི་དྲག་ཁག་ནས་རང་རང་ཐོབ་ཁུངས་ལྷ་མོ་བ་འཁྲབ་ལེན་བྱེད་སྲོལ་ལ་ལྷ་ཁུལ་མི་མང་རྣམས་རང་མོས་ལྟད་མོར་འགྲོ་སྲོལ་ཡོང་།།
ཚོགས་མཆོད་སེར་སྦྲེངས།
༄༅།། བོད་ཟླ་ ༢ ཚེས་ ༣༠ ཉིན་དཔལ་ལྡན་འབྲས་སྤུངས་དགོན་པའི་རྒྱབ་རི་བྱ་རྒོད་ཕུང་པོའི་རི་དང་གཉིས་སུ་མེད་པའི་དགེ་འཕེལ་དབུ་རྩེར་རྟ་བདུན་དབང་པོའི་འོད་ཟེར་འཕྲོས་མ་ཐག་ཚོགས་མཆོད་སེར་སྦྲེངས་ཆེན་མོའི་མཆོད་རྫས་ལས་བྱ་སྔོན་བསྐྱོད་པ་ན་བཟའ་གཟབ་འཕྱོར་དང་འབྲེལ་བའི་སྤོས་སྣེས་སྔུན་བསུས་ཏེ༑ ཕྱག་དར་འཁྱེར་མི་དང་པོ་བདེ་ཡངས་བསྟན་པ་དར་རྒྱས་ཀྱིས་སྣ་དྲངས་ཏེ་མཆོད་རྫས་ཀྱི་བྱེ་བྲག་རྣམ་གྲངས་ཤིན་ཏུ་མང་ཞིང་བཀོད་པ་བསམ་གྱིས་མི་ཁྱབ་པའི་དངོས་པོ་རྙིང་མ་རིན་བྲལ་སྲིད་ན་དཀོན་པ་རྣམས་གོ་རིམ་མ་འཛོལ་བ་འཕྱར་འཁྱེར་མུ་ཏིག་བསྟར་ལ་བརྒྱུས་པ་ཇི་བཞིན་དལ་བྲེལ་སྙོམས་ཤིང་། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་སྒོ་འཕྱོར་མདུན་མཆོད་འབུལ་དང་། དེ་ནས་བར་སྐོར་བྱང་ཆུབ་འབྱོན་ལམ་བརྒྱུད་གཡས་བསྐོར་གྱིས་ཀླུ་སྦུག་རྒྱལ་སྒོ། གཡུ་ཐོག་ཟམ་པ།ཞོལ་རྡོ་རིང་སྒང་དུ་སེར་སྦྲེངས་དང་པོ་ཕེབས་པ་དང་།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དམར་པོའི་གཟིམ་ཆུང་ས་གསུམ་དུ་ཞབས་སོར་འཁོད།རྩེ་ཕོ་བྲང་སྐུ་མདུན་དུ་གོས་སྐུའི་ཞལ་ཐང་ཆེན་མོ་དཔང་ལ་ཕི་ཀྲི་ ༢༥༠ ཙམ་ཡོད་པ་དེ་དག་གློད་དེ་ཞལ་དབྱེ་ཕེབས་བརྡ་མདའ་མ་དང་བསྟུན་སེར་སྦྲེངས་དང་། བལྟ་རྟོག་པ། མཆོད་རྫས་དོ་དམ་ངོ་ལས། འབྲས་ཚོགས་ཆེན་དགེ་བསྐོས། ཞང་པོ་ཤིང་གཉེར། ཆབ་དམ་པ། དགེ་གཡོགཐབ་གཡོག་སོགས་ལས་བྱ་རྣམས་གཟབ་འཕྱོར་གྱིས་གྲལ་བསྟར་དལ་བུས་པོ་ཏ་ལ་ཞོལ་གྱི་གཞུང་སྒོ་བརྒྱུད་ནས་བཅར་བསྐྱོད་དང་འབྲེལ་ནས། ཁང་སྟེང་གོས་སྐུ་རིན་པོ་ཆེའི་སྐུ་མདུན་དུ་མཆོད་འབུལ་ལ་ཕེབས།དེའི་སྐབས་དགེ་སློང་ཚོ་ཁག་ཅིག་ནས་ཞལ་འདོན་ཚོགས་ཞིང་སྤྱན་འདྲེན་གྱིས་ཁྲུས་གསོལ་ཞུ་བ་དང་།བཀའ་ཤག་གདན་གཉེར་དང་། གུར་པས་དབུ་གུར་སྔོན་སྒྲོན་སར་བཀའ་ཤག་དང་། ལས་དཀྱུས་ཡན་ཞལ་མཇལ་དུ་ཕེབས་ཏེ་སོ་སོའི་གདན་ཐོབ་གྲལ་ལ་འཁོད།གསོལ་ཇ༑བཞེས་འབྲས་སོགས་རིམ་ཕེབས་ཐོག་སེར་སྦྲེངས་རྣམས་མཆོད་པའི་བྱེ་བྲག་སྤྲོ་ཕྱིར་རྒྱུད་སྡེ་བཞི་ནས་བསྟན་པའི་མཆོད་གར་མ་ཚང་བ་མེད་པ་ཚང་མ་འདོན་དབྱངས་དང་བཅས་ཏེ་འཁྲབ་པ་དང་། རྔ་རོལ།དུང་རྒྱ།སྦུབ་དཀྲོལ་གནང་བཞིན་རིམ་བསྐྱོད་ཀྱིས་དཀྱིལ་གདུགས་དཀར་པོའི་མཚམས་གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་འདྲེན་སྐུ་ཕེབས་ཀྱིས་སྤྱི་ནོར་༸གོང་ས་ཆེན་པོ་མཆོག་དང་། གོས་སྐུར་ཕྱག་འཚལ་པད་འབུལ་དང་འབྲེལ་གོས་སྐུར་སྙན་ཤལ་འབུལ་གནང་གིས་ཞབས་སྟེགས་ཐོག་འཁོད་འཕྲལ་བ་གླང་རྫི་བོ་ནས་འོ་ཕུད་བཏེགས་པ་དང་། གནས་ཆུང་ཆོས་རྒྱལ་ཆེན་པོས་ཕྱག་མདུད་དང་། མཇལ་དར་སྩལ།སྐུ་ངང་བཞུགས་རིང་བླ་ཕྱག་ནས་ཞལ་ཇ་གསེར་ཕུད་དང་རྩེའི་སྒྲོན་དར་མགྲོན་བརྒྱུད་ཀྱིས་སྩལ།བཀའ་དྲུང་བགྲེས་པས་བཀའ་ཤག་གི་ལུང་ཞུ་༸སྙན་སྒྲོན་ལ་བཀའ་ལུང་དང་།མུ་མཐུད་བཀའ་ཤག་དང་། ཛ་ཐའི།ཕོགས་མདའ།རྩིས་སྲས། ལས་ཚན། ལས་དཀྱུས།འབྲས་ཚོགས་ཆེན་དགེ་བསྐོས་ངོ་ལས་སོགས་ནས་སྒྲོན་དར་ཕུལ། ཆོས་སྐྱོང་ནས་གླང་པོ་ཆེར་ཞལ་ཏོག་དང་།ལེགས་དར་སྩལ།གླང་ཆེན་གྱིས་གུས་བཏུད་ཞུས་ཏེ་ཕྱིར་ཕེབས་སྐབས་གར་ཕྲུག་པ་རྣམས་ནས་མཇལ་ཁ་ཞུས་ཏེ་གར་ཕྲུག་པར་ཆོས་སྐྱོང་ནས་གནང་ཆ་སྩལ།སྐུ་བསངས།སེར་ཕྲེང་རྣམས་གྲལ་བསྟར་རིམ་ཕེབས་ཀྱིས་རྩེ་ཕོ་བྲང་སྐུ་རྒྱབ་ཀླུ་ཁང་དུ་མཇུག་སྒྲིལ་མཚམས་གོས་སྐུ་གསེར་ཐང་ཆེན་མོར་དགེ་སློང་གི་དགེ་འདུན་རྣམས་ནས་རབ་གནས་ཤིས་བརྗོད་ཟིན་འཕྲལ་གོས་སྐུ་བསྒྲིལ་བསྡུ་ཞུ། མཆོད་རྫས་ངོ་ལས་རྣམས་དང་།སེར་ཕྲེང་གདན་མི་རྣམས་ཀྱང་རྫོང་རྒྱབ་གླིང་ཀའི་ནང་དུ་སྐུ་ངལ་ཆུ་ཚོད་གཉིས་ཙམ་རིང་མཛད་སྐབས་སོ་སོའི་གཟིམ་ཁང་ནས་གསོལ་ཚིགས་གང་རྒྱས་འབུལ་ཕེབས་མཆོད་བཞེས་ཀྱིས་ལྷོད་བཞུགས་གནང་།དེ་ནས་མཆོད་རྫས་དོ་དམ་པའི་བརྡ་དང་བསྟུན་སྔར་ལྟར་གྲལ་བསྟར་གྱིས་གླིང་སྐོར་ལམ་བརྒྱུད་ར་ཆེ་གཙུག་ལག་ཁང་དུ་མཆོད་འབུལ་དང་འབྲེལ་རྗེ་འབུམ་སྒང་། ཕུར་ལྕོག་བླ་བྲང་། ཤ་གསར་སྒང། ཇོ་བོའི་དབུ་སྐྲ་བཅས་བརྒྱུད་ཁྱམས་རའི་ནང་ཕྱག་དར་དང་པོ་ནས་བཟུང་གྲལ་བསྟར་གྱིས་ཕྱིར་ལོག་སྐབས་མཆོད་རྫས་དྲུང་ཡིག་ནས་གཞུང་ཁྲ་ནང་གསལ་ཞིབ་བཤེར་ཟབ་ནན་གྱིས་དེ་འཕྲལ་རྩིས་ལེན་བྱས་ཏེ་ཁུངས་སོ་སོའི་མཆོད་འཁྱེར་ཕྱིར་སློག་གཏོང་བ་བཅས་སེར་སྦྲེངས་ཆེན་མོའི་མཛད་སྒོ་ཐོག་མཐའ་བར་གསུམ་ལེགས་པར་གྲུབ་ཉིད་དགོང་ཇ་ཚོགས་ཏེ་བླ་ཕྱག་ནས་དགེ་འདུན་ལ་ལེགས་དར་རེ་དང། སྐུ་འགྱེད་ཊམ་དཀར་རེ་ཕུལ་ཏེ་ཚོགས་མཆོད་ཆེན་མོ་ལེགས་པར་གྲོལ་ཟིན་པ་རེད།།
ཚོགས་མཆོད་ཆེན་མོ།
༄༅།། བོད་ཟླ་ ༢ ཚེས་ ༡༩ ཉིན་ཚོགས་མཆོད་ཆེན་མོ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་མཚན་བརྗོད་པར་དཀའ་བ་༸གོང་ས་ལྔ་པ་ཆེན་པོ་རྗེ་བཙུན་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་དཔལ་བཟང་པོའི་དགོངས་རྫོགས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཆོ་འཕྲུལ་སྨོན་ལམ་དང་ཆ་འདྲ་བའི་ཚོགས་མཆོད་སྨོན་ལམ་གྱི་མཆོད་འབུལ་འདི་བཞིན་འཕར་འཛུགས་མཛད་པ་ཞིག་ཡིན་ཅིང་། དེའི་རིང་གསོལ་ཚོགས་སུ་ཕེབས་མི་དགེ་འདུན་དང་། གཞུང་གནས་ཀྱི་ཇ་ཐུག་གཏོང་སྒོ། འབྲས་ཚོགས་ཆེན་དགེ་སྐོས་ཀྱི་དབང་ཚད་སོགས་སྨོན་ལམ་ཆེན་མོ་དང་འདྲ་རུང་། གདན་ས་ཁག་གི་དགེ་འདུན་ཁོངས་ནས་ཕྱོགས་མཐར་ཕེབས་མི་རྣམས་ཕེབས་ཟིན་པའི་དབང་གིས་འདུས་ཚོགས་སྨོན་ལམ་ནང་བཞིན་གྱི་མང་པོ་རང་མི་ཡོང་ཡང་། དགེ་བཤེས་དམ་བཅའ་འཇོག་མི་ཚོགས་རམས་པ་བརྒྱད་ཡོད། ཚེས་༢༥ཉིན་དགོངས་རྫོགས་ཀྱི་ཚེས་ཆ་དངོས་གཞིར་བརྟེན་གཞུང་གི་ཇ་ཐུག་སོགས་གཟབ་རྒྱས་དང་འབྲེལ་སྔར་ལམ་བླ་ཕྱག་ནས་གཞུང་གི་སྐུ་འགྱེད་ཊམ་དཀར་རེ་དང་། རྩེ་གཟིམ་ཆུང་ནས་སྤྱན་གསལ་སྐུ་འགྱེད་ཊམ་དཀར་རེ་དང་། གསོལ་ཇ། བཞེས་ཐུག་འབྲས་ཚ་བཅས་ཡོང་།།
བོན་གྱི་དུས་ཆེན་བཅོ་ལྔ་མེ་ཏོག་མཆོད་པ།
བཅོ་ལྔ་སྟོན་པའི་འཁྲུངས་མཆོད་ཀྱི་མཛད་རིམ་རགས་བསྡུས་ནི། སྤྱིར་འཛམ་བུ་གླིང་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པའི་མཆོག་གི་སྤྲུལ་སྐུ་རྒྱལ་བ་གཤེན་རབ་མི་བོའི་མཛད་ཆེན་བཅུ་གཉིས་པོ་སོ་སོའི་ལོ་དུས་ཁག དུས་ཁྱད་པར་ཅན་དུ་རྗེས་དྲན་སྲུང་རྩི་འོས་པ་ཤ་སྟག་ཀྱང་། དེ་དག་གི་ནང་ནས་བོད་ཟླ་དང་པོའི་ཚེས་བཅོ་ལྔར་སྐུ་མཆོག་མངོན་པར་བལྟམས་པའི་དུས་ཁྱད་པར་ཅན་ལགས་ཕྱིར། ཚེས་བཅུ་བཞི། བཅོ་ལྔ། བཅུ་དྲུག་གསམ་ལ་སྔོན་དངོས་རྗེས་གསུམ་གྱི་ཚུལ་དུ་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་དཀྱིལ་འཁོར་ཞལ་དབྱེ་སྟེ་མཆོད་སྦྱིན་རྒྱས་འབུལ་གྱི་ཚོགས་ཆེན་ཉིན་གསུམ་གྱི་ནང་ནས། ཡོངས་སུ་གྲགས་པ་བཅོ་ལྔ་མེད་ཏོག་མཆོད་པ་ཞེས། དངོས་གཞི་བཅོ་ལྔའི་དགོང་མོར་ཕྱག་སོར་འཕྲུལ་རྩལ་གྱི་མར་ཚོན་སྦྲག་མར་བཞེངས་པའི་མཆོད་འབུལ་ལྷ་མོ་བརྒྱད་ཀྱི་སྐུ་བརྙན་ངོ་མཚར་གྱི་ལྟད་མོ་འབར་བ་བརྒྱད་དང་། གཞན་ཡང་མཆོད་པའི་བྱེ་བྲག་རྒྱས་གཤམ་གནང་བ་དང་། ལྷ་སྡེ་མི་མང་རྒན་དར་བྱིས་གསུམ་མཉམ་འཛོམས་ཀྱིས་བསྐོར་བའི་ཡལ་ལག་གསུང་བཞིན་ཕྱག་ཏུ་མར་མེ་བསྣམས་ཏེ་ཕྱག་བསྐོར་མཆོད་འབུལ་སོགས་རྣམ་དཀར་དགེ་བའི་བྱ་བ་མི་དམན་པ་སྒྲུབ་ཚུལ་ངོ་སྤྲོད་རགས་བསྡུས་སུ། ། བདུད་བཞིའི་དགྲ་མབཅོམ་སྟོན་མཆོག་བདེ་བར་གཤེགས། ། སྐུ་བཞིའི་གོ་འཕང་སྔོན་ནས་བརྙེས་ན་ཡང་། ། སྐྱེ་བཞིའི་འགྲོ་རྣམས་བདེ་ལམ་འགོད་པའི་ཕྱིར། ། རྣམ་བཞིའི་འཕྲིན་ལས་ངེས་མེད་རྗེས་སུ་བཞག ། དེ་ཡང་བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་ཀྱི་མཛད་རྣམ་མདོར་རྩམ་བརྗོད་པ་ནི། དང་པོ་བྱང་ཆུབ་མཆོག་ཏུ་ཐུས་བསྐྱེད། ་བར་དུ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། མཐར་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་གྱུར་ནའང་། སྟོན་པ་གཤེན་ལྷ་འོད་དཀར་གྱི་ལུང་གིས་ཇི་ལྟར་བསྐུལ་བ་ལྟར་འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་སྐུ་མཆོག་བལྟམས། དེའང་ཞིང་ཁམས་དང་གདུལ་བྱ་གླིང་དང་འཁོར་རིགས་བཅས་ལྔ་ལ་གཟིགས་ཤིང་། ཡུལ་དང་མཁར་ནོར་ཡབ་དང་ཡུམ་བཅས་ལ་དགོངས་ཏེ། མདོར་ན་གཟིགས་ཚད་ལྔ་དང་དགོངས་ཙད་ལྔ་ཐུགས་ལ་ལེགས་པར་བཀྲམས་ཤིང་། མི་མཇེད་པའི་འཇིག་རྟེན་གྱི་འདུལ་དཀའི་འགྲོ་བ་འདྲེན་པའི་སྟོན་པ་རུ་བྱོན་པའི་དུས་དང་སྐབས་ལ་རན་པར་གཟིགས་ཏེ། རི་རབ་ཀྱི་ཁ་ཁྱེར་ལྷོ་ཕྱོགས་ཀྱི་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་ཕོ་བྲང་ཛྷ་རན་དྷའི་རྩེ་ནས་རྫུ་འཕྲུལ་གྱི་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ཏེ། གནས་མཆོག་དམ་པ་འོལ་མོ་ལུག་རིང་གི་ཕོ་བྲང་བར་ཕོ་སོ་བརྒྱད་དུ་ཡབ་རྒྱལ་བོན་ཐོད་དཀར་དང་། ཡུམ་ཐུགས་རྗེ་བྱམས་མའི་རྣམ་སྤྲུལ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ། ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ། བོད་ཟླ་ ༡ ཚེས་ ༡༥ ཉིན། འགྲོ་བ་རང་མཐུན་གྱི་ཆ་ལུགས་སུ་སྐུ་མཆོག་མངོན་པར་བལྟམས་ནས། ཕྱི་ལོ་ ༢༠༢༢ བར་མི་ལོ་ ༡༨༠༣༩ ཕྱིན་ཡོད། སྤྱིར་སྒྲོན་བསྐལ་འདིར་སྟོན་པ་སངས་རྒྱས་སྟོང་རྩ་གཉིས་བྱོན་པའི་ནང་ནས། བདག་གི་གི་སྟོན་པ་ནི། འགྲོ་འདྲེན་གྱི་སྟོན་རབ་དགུའི་ནང་ཚན་རྣམ་འདྲེན་བརྒྱད་པ་རྩོད་ལྡན་ཚེ་ལོ་བརྒྱ་པའི་སྟོན་པ་རུ་བྱོན་ཅིང་། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་སྒོ་མོ་ཕྱེས་ཏེ་གདུལ་བྱ་ཐར་པར་བཀྲིས་དྲང་གི་ཚུལ་ལ། སྤྱི་སྒོས་ཀྱི་མཛད་པ་བསམ་གྱིས་མི་ཁྱབ་ནའང་། གཙོ་བོ་མཛད་ཆེན་བཅུ་གཉིས་ཀྱི་ཁོངས་སུ་མ་བསྡུས་པ་མེད། སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་དགུང་གྲངས་ ༡ ནས་ ༨༢ བར་སྐུ་ཚེ་ཧྲིལ་པར་བཀའ་འཁོར་རིམ་པ་གསུམ་བསྐོར་བའི་དང་པོ་སངས་རྒྱས་ཀྱི་བསྟན་པ་ཆགས་པའི་གཞི་རིག་པའི་གནས་ཆེན་ལྔ་དང་། བོན་གྱི་ཐེག་པ་རིམ་པ་དགུའི་བཀའ་ཡི་འཁོར་ལོ་བསྐོར་ཞིང་། གཉིས་པ་བོན་སྒོ་བཞི་མཛོད་དང་ལྔའི་བཀའ་འཁོར་དང་། གསུམ་པ་བོན་གྱི་ཕྱི་ནང་གསང་གསུམ་བཅས། གདུལ་བྱའི་ཁམས་མོས་དང་བསྟུན་རིམ་བཞིན་བཀའ་ཡི་འཁོར་ལོ་བསྐོར་བར་མཛད། ལྷག་དོན་བདག་ཅག་གི་སྟོན་པ་བོད་དུ་ཞབས་བཅག་སྐབས། ་བློ་སྟོབས་དང་བསྟུན་རྒྱུའི་བོན་ཕྲན་ཚེགས་ཏེ། བསང་གཏོང་ཞིང་དང་ལྕོག་འཛུགས་པ། ཡར་ལྷ་མཆོད་ཅིང་མར་འདྲེ་སྲི་བཀར་བ་སོགས་དང་། ཤ་ཁྲག་མཆོད་པའི་སྲོལ་ངན་གཏན་ནས་འགོག་ཆེད། ་འབྲུ་སྣར་བྱས་པའི་མཤོས་བུ་དང་གཟུགས་འགྲོས། རྩི་ཤིང་བན་བུན་སོགས་ཀྱི་མཆོད་སྦྱིན་གྱིས་འདུས་པར་བྱིན་གྱིས་བརླབས་མཐུས། ད་ལྟའང་བོད་ཀྱི་ཁྱོན་ཡོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་ལྷ་བསང་གསོལ་མཆོད་དང་། ་རླུང་རྟ་དར་ཆོག་སོགས་ཀྱི་སྔར་སྲོལ་མི་རབས་ནས་མི་རབས་བར་གནས་ཐུབ་པའང་རྒྱུ་མཚན་དེ་ལ་ཐུག་ཡོད། ལྷག་དོན་བོད་གངས་ཅན་ལྗོངས་ཀྱི་ཆོས་རིག་གི་ཡང་མེས་ཆེན་པོ་ལོ་ཆིག་ཁྲི་བརྒྱད་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་གཡུང་དྲུང་བོན་ལ་བོན་ལུགས་ཉམས་མེད་སོར་གནས་ཐོག་ཉམས་བཞེས་གནང་མུས་འདིའང་། ཆུ་འགོ་གངས་ལ་ཐུགས་པ་ལྟར་འབྱུང་ཁུངས་ཕུགས་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་ལ་ཐུག་པ་དང་། སྟོན་པ་དེའི་བསྟན་པ་རིན་པོ་ཆེར་བརྗོད་བྱ་དོན་གྱི་གཡུང་དྲུང་བོན་དང་། རྗོད་བྱེད་ཚིག་གི་གཡུང་དྲུང་བོན་གཉིས་སུ་ཡོད་པའི་ནང་ནས། ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་རྩ་ཆེ་བ་དང་ལུང་རྟོགས་གཉིས་ཀྱི་ནང་ནས་ཀྱང་། ལུང་གི་བོན་རྨད་དུ་བྱུང་། དེ་འདྲའི་རྨད་བྱུང་ལུང་གི་བསྟན་པའམ། གསུངས་གི་བསྟན་པ་རིན་པོ་ཆེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་ནུས་པའི་སྐྱེས་མཆོག་ནི། སྟོན་པ་སངས་རྒྱས་ཀྱི་འཁོར་ཚོགས་སུ་བསམ་གྱིས་མི་ཁྱབ་པ་བཞུགས་ཡོད་པའི་ནང་ནས། མདོ་ལས། ང་ནི་མྱ་ངན་འདས་འོག་ཏུ། ། མཐོ་འབུམ་རྒྱུད་མཛོད་བཞིར་ཕྱེས་ལ། འཁོར་རྣམས་བཀའ་ཡི་བསྡུ་བ་གྱིས། ། ཞེས་ལུང་གིས་བསྐུལ་ནས་ཞལ་སློབ་བསྡུ་འཁོར་བཅུ་གསུམ་དང་། དེ་དག་གི་ནང་ནས་ཀྱང་། རྒྱལ་ཚབ་མུ་ཆོ་ལྡེམ་དྲུག་ནི། ལུང་ལས་ཀྱང་། སྟོན་པའི་སྒྲོན་མར་མུ་ཆོ་ལྡེམ་དྲུག་སོང་། གསུང་རབ་བཀའ་རྒྱུད་ཤོད་ལ་འགྲོ་བ་ཐར་པར་དྲོངས། ང་དང་མཉམ་པའི་རྩལ་ཤུགས་ཁྱོད་ལ་ཡོད། ཅེས་སོགས་ཆེ་བའི་ལུང་གིས་བསྔགས་པ་ལྟར། སྟོན་པ་སངས་རྒྱས་ཀྱི་གདུང་སོབ་མཛད་ཅིང་། མདོ་འབུམ་རྒྱུད་མཛོད་བཞི་སྟེ། ་སྡེ་ཚན་ཆེན་པོ་བཞི་རུ་བསྡུས་པའི་གསུང་རབ་རིན་པོ་ཆེ་དཀྲོལ་བཤད་འཁོར་ལོ་བསྐོར་བས། སློབ་མའི་མཆོག་ཏུ་གྱུར་པ་འཛམ་གླིང་མཁས་པའི་རྒྱུན་དྲུག་བྱུང་། དེ་དག་གི་ཡང་སློབ་ལོ་པཎ་མཁས་པ་མི་བཞི་དང་། དེ་དག་ནས་རིམ་བཞིན་བརྒྱུད་པའི་མདོ་སྔགས་སེམས་གསུམ་གྱི་དབང་ལུང་མན་ངག་གི་བརྒྱུད་པའི་འདུས་སོ། རྒྱལ་ཀུན་འདུས་པའི་ངོ་བོ་རྗེ་མཉམ་མེད་ཆེན་པོ་དང་། དེ་ནས་རིམ་པར་བརྒྱུད་པས་༸རྒྱལ་བ་གཉིས་པ་མཉམ་མེད་བླ་མའི་ཁྲི་་རབས་སོ་གསུམ་པ་སྨན་རིའི་སྐུ་མདུན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ནི། ཞྭ་དཀར་རིང་ལུགས་འཛིན་པའི་སྤྱི་རྗེ་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་དབང་ལུང་མན་ངག་གི་བདག་པོར་གསང་གསུམ་གྱི་བཀོད་པ་མི་ཞིག་གཡུང་དྲུང་འབར་བའི་རང་གཤིས་སུ་གྲུབ་པའི་ཚུལ་འདི་དག སྟོན་པ་སངས་རྒྱས་ཀྱི་འཕྲིན་ལས་རགྱུན་མ་ཆད་པར་ཇི་ལྟར་བརྒྱུད་པའི་ཚུལ་བཅས་མཛད་རྣམ་རགས་བསྡུས་གྲུབ་པར་དགེའོ། ། །
བླ་མ་དགའ་སྟོན།
༄༅།།བོད་ཟླ་༡ཚེས་༡༦༡༸༡༨གང་རུང་ཞིག་གི་ཉིན་བླ་མ་དགའ་སྟོན་ཞེས་ལྷ་ལྡན་བླ་སྟེང་ཚོམས་ཆེན་ཁམས་གསུམ་ནང་དུ་བཀའ་ཤག་གདན་གཉེར་ནས་བཞུགས་ཁྲི་བཞུགས་གདན་སྒྲོན་རྒྱག་གིས་བཀའ་དྲུང་ནས་སྔོན་ཚུད་སྙན་བརྡ་དང་འབྲེལ་དགའ་ལྡན་ཁྲི་རིན་པོ་ཆེ་དབུ་བཞུགས་ཐོག་གདན་གསུམ་གྱི་མཁན་པོ་ཚང་མ་དང། སྨོན་ལམ་ཚོགས་ཆེན་དབུ་མཛད།ཚོགས་ཆེན་ཞལ་ངོ་གཉིས།ཕོ་བྲང་སྡེ་པ་དང་སྤྱི་སོ་སོགས་གདན་གསུམ་ལས་སྣེ་ཆེ་ཁག་རྣམས་ལ་བཀའ་ཤག་ནས་གཞུང་གནས་ཀྱི་སྔར་སྲོལ་གསོལ་སྟོན་ཐེངས་གཅིག་འབུལ་གནང་སྐབས་ལ་ཐོག་མར་གསོལ་ཇ།བཞེས་འབྲས།བཞེས་ཐུགབགཐུགམར་ཟན།གསོལ་དཀྲུམ་སྐམ་བཙོས་སྡེར་བཀང་།དཀར་སྤྲོ་ཁ་ཟས།ཤིང་འབྲས་སོགས་དང་།ཁྲི་རིན་པོ་ཆེར་རྟེན་གསུམ་མཇལ་དར་དང་།བྱིངས་ལ་ལེགས་དར་རེ་བཅས་འབུལ་གནང་མཛད་དགོས།།
བརྒྱད་གཏོར་མཛད་སྒོ།
༄༅།། བོད་ཟླ་ ༣ ཚེས་ ༨ ཉིན་༸རྒྱལ་བའི་སྐུ་བཅར་རྩེ་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་པ་ནས་མགོན་པོ་ཞལ་དང་། དཔལ་མགོན་སྟོབས་འཕྲོག་དབང་པོའི་ལོ་འཁོར་དུས་མཆོད་གཟབ་གསོལ་བཀྲིན་བསྐྱངས་པར་གནས་གཟིགས་དང་འབྲེལ། དེ་ཉིན་གཞུང་ཞབས་སེར་སྐྱ་རྣམས་དབྱར་ཁའི་ན་བཟའ་བརྗེ་བཞེས་དགོས་པས་སྔ་དྲོ་རྩེ་ཕོ་བྲང་དུ་བཅར་ཏེ་དྲུང་བཞེས་ཕེབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་གཟིམ་ཆུང་ཉི་འོད་ཀྱི་བཞུགས་ཁྲིར་ཞབས་སོར་འཁོད་འཕྲལ་སྲིད་བཀས་མཚོན་ནང་མ་མཁན་སྡེ་ཆེ་ཆུང་དང་། རྩེ་ཤོད་ལས་ཚན། དྲུང་དཀྱུས་ཁོངས་གཏོགས་དང་བཅས་པས་མཇལ་ཁ་ཞུས། མུ་མཐུད་རྩེ་ཤོད་ཞབས་གསར་བ་རྣམས་གསར་མཇལ་ཞུ་རྒྱུར་དེ་སྐབས་རྟེན་གསུམ་བཏེགས་འབུལ་དང་འབྲེལ་གྲལ་ལ་འཁོད། གསོལ་ཇ། བཞེས་འབྲས་ཕེབས་རྗེས་༸གོང་ས་མཆོག་གཟིམ་ཆུང་དུ་ཕེབས། དྲུང་བཞེས་སར་གསོལ་ཚིགས་དཀར་སྐྱོང་དང་། དཀར་སྤྲོ་སོགས་རིམ་བཞིན་ཕེབས། དེ་ནས་ཚོམས་ཆེན་དུ་རྣམ་གྲྭའི་གསོལ་ཚོགས་དབུས་སུ་༸གོང་ས་མཆོག་དང་། སྲིད་བཀའ་སོགས་གཞུང་ཞབས་རྣམས་ནས་མགོན་པོ་གུར་ཞལ་དང་། ལྷ་མོ་ཆོས་རྒྱལ་སོགས་ཀྱི་ཞལ་འབག་བཀའ་རྒྱ་མ་རྣམས་ལ་༸སྙན་དར་འབུལ་གནང་མཛད་དེ་མཛད་སྒོ་གྲོལ། དེ་ཉིན་ནས་བཟུང་དགའ་ལྡན་ལྔ་མཆོད་བར་གཞུང་ཞབས་ཚང་མ་དབྱར་ཆས་བཞེས་དགོས།།
བྱམས་པ་གདན་འདྲེན།
༄༅།། བོད་ཚེས་ ༢༥ ཉིན་ཡ་སོར་གཉིས་ན་བཟའ་ཚོན་ཁྲ་མཆོད་བཞེས་ཀྱིས་བྱམས་པ་གདན་འདྲེན་ཞེས་པ་མ་འོངས་བསྐལ་བཟང་རྣམ་འདྲེན་ལྔ་པ་༸རྒྱལ་བ་མི་ཕམ་མགོན་པོའི་བསྟན་པ་འཆར་རྒྱུའི་རྟེན་འབྲེལ་སླད་གཙུག་ལག་ཁང་གི་མཆོད་ཁང་ལྷོ་མའི་རྟེན་གཙོ་བྱམས་མགོན་སྐུ་བརྙན་ཤིང་རྟ་འཁོར་ལོའི་སྟེང་དུ་གདན་དྲངས།གདུགས་དང་། གཡས་གཡོན་དུ་རྒྱལ་མཚན་དང་ཕྱེ་ཕུར་སོགས་ཀྱིས་བརྒྱན་ཏེ་གདན་ཞུས། འཁྱམས་རའི་སྒོ་འཕྱོར་མདུན་དུ་དགེ་སློང་བརྒྱད་གྲས་ཁྲུས་གསོལ། དེ་ནས་རྨེ་གཞིས་ཀྱི་དགེ་འདུན་ནས་མཆོད་རྫས་སྣ་ཚོགས་ཐོགས་པའི་སེར་ཕྲེང་གིས་སྔུན་བསུས་ཏེ་བར་སྐོར་དུ་གདན་ཞུས་སྐབས་སྣང་ཤག་འཁྲིས་བྱམས་ཁང་གི་མདུན་ངོས་གོས་སྐུ་འགྲེམས་གནང་མཛད་པའི་སྐུ་མདུན་དུ་རྒྱལ་བ་བྱམས་པ་ཕེབས་མཚམས་གནས་ཆུང་ཆོས་རྒྱལ་ཆེན་པོ་མཆོག་ནས་འཚམས་ཞུའི་སྒྲོན་དར་འབུལ་ལམ་ཞུ་གནང་མཛད་ནས་བྱམས་པ་སྤོས་སྣེ་ཐུང་ཙམ་རིང་གདན་འདྲེན་ཞུ་གནང་མཛད།དེ་ནས་ཆོས་སྐྱོང་སྔོན་དུ་བར་སྐོར་བརྒྱུད་ཟུར་འཕྱོངས་རབ་གསལ་འོག་ཕེབས་པ་དང་།རྩེ་ཤོད་སྐུ་ཚབ་བླ་ཕྱག་བཅས་ནས་ཞལ་ཇ་དང་། སྒྲོན་དར་མཐུན་རྫས་བཅས་འབུལ་གནང་མཛད། དེ་ནས་ཁྱམས་རའི་སྒོ་འཕྱོར་ནས་གར་པས་བསུ་རྣ་ཕུལ་རྒྱུ་དང་ཆོས་སྐྱོང་ནས་གར་པ་ཚོར་གནང་ཆ་སྩལ། སེར་སྐྱ་མི་མང་ནས་༸སྙན་དར་གྲངས་ལས་འདས་པ་ཕུལ།གསུང་ཆོས་ར་བར་ཕེབས་མཚམས་རྨེ་རྙིང་ནས་ཁྱམས་རའི་ལྷོ་སྒོ་བརྒྱུད་གནས་ཆུང་ཆོས་སྐྱོང་ཕེབས་ཏེ་སྙན་དར་འབུལ་གནང་མཛད།བླ་ཕྱག་ལས་ཁུངས་ནས་ཞལ་ཇ་སྒྲོན་དར་ཕུལ།བྱམས་མགོན་ས་སྦོག་སྒང་དུ་ཕེབས་མཚམས་ཀླུ་སྦུག་དང་།ཞོལ།བར་མ་རི་བཅས་ནས་གནམ་ལྕགས་མེ་སྒྱོགས་གསུམ་རིམ་ལེན་གྱིས་བརྒྱབ་སྟེ་གསུམ་པའི་མཚམས་དན་འབག་གི་མདུན་ནས། རྒྱུགས་རིང་སྤྱི་ཁྱབ་རིམ་བཞི་དང་།ལས་བྱ་ཆིབས་ཆེ། རྒྱུགས་མ་ཞལ་ངོ་བཅས་ནས་གཞུང་སྒེར་གྱི་རྒྱུགས་རྟ་རྣམས་དུས་གཅིག་ཏུ་གློད། དེ་བསྟུན་ཡ་སྣའི་རི་ཟུར་ནས་མི་རྒྱུགས་གློད།བར་མ་རི་ཟུར་ནས་བར་རྒྱུགས་ཞེས་པ་མི་རྟ་རང་འགྲིགས་རྣམས་བསྐྱོད། རྟ་རྒྱུགས། མི་རྒྱུགས། བར་རྒྱུགས་རྣམས་རྩེ་ཕོ་བྲང་གི་མདུན་ལམ་ཆེན་བརྒྱུད་ལྷ་སའི་གསུང་ཆོས་ར་བའི་མདུན་ནས་འགྲོ་ཞིང་།དེ་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱུགས་གཟིགས་སུ་ཆིབས་བསྒྱུར་གྱི་ཆིབས་ཞབས་སུ་གཞུང་ཞབས་ཡོངས་རྫོགས་དང་བཅས་གསུང་ཆོས་ར་བའི་ཟུར་འཕྱོང་གཟིམ་ཆུང་དུ་ཞབས་འཁོད་ཀྱིས་གཟིགས་ཞིབ་བཀྲིན་བསྐྱངས། བར་རྒྱུགས་རྣམས་གཟིགས་ལམ་དུ་འབྱོར་མཚམས་རྟ་ཐོག་ནས་གུས་བཏུད་ཀྱི་རྟ་རྩལ་རྣམ་འགྱུར་སྣ་ཚོགས་སྟོན་ཅིང་། དེ་སྐབས་ཇོ་བོ་རགས་རྒྱག་གི་ཟུར་ནས་རྟ་པ་འབྱོར་སྔ་རྟིང་གིས་ཤིང་བྱང་ཨང་རིམ་སྤྲོད་མི་སྐུ་ཚབ་ཛ་ཐའི་གཅིག་དང་། ལས་བྱ།ཆིབས་ཆེ།བཀའ་ཤག་སྐུ་ཚབ་བཅས་ཕེབས་ཏེ་ཨང་རིམ་གནང་། མི་རྒྱུགས་རྣམས་ལ་བླ་རྙིང་མདུན་ནས་ཨང་རིམ་སྤྲད་དེ་སྐུ་ཚབ་རྣམས་ནས་རྟ་ཐོ་དང་། མི་རྒྱུགས་ཀྱི་ཐོ་གཞུང་༸སྙན་ཞུར་ཕུལ། སྙན་ཞུ་ལམ་འཕྲལ་ཐོན་རྒྱུར་དེ་མཚམས་བཀའ་ཤག་སྐུ་ཚབ་བཀའ་དྲུང་དང་། གནང་ཆ་ལེགས་དར་སྤྲོད་མི་བླ་ཕྱག་ངོ་ལས་བཅས་ནས་གཟིགས་ལམ་བསམ་ཕོའི་མདུན་བསྐལ་བཟང་དར་ཆེན་འཁྲིས་ཤིང་སྟེགས་མཐོན་པོའི་སྟེང་ནས་ཞལ་ཕོ་བྲང་དུ་ཕྱོགས་ཏེ་བཀའ་དྲུང་ནས་ཐོག་མར་རྟ་ཐོ་དང་། དེ་མཇུག་མི་རྒྱུགས་ཀྱི་ཐོ་ཀློགབླ་ཕྱག་ནས་སྔར་ལམ་གཟེངས་དར་དང་གོས་སྣའི་ཚན་གྲངས།ཇ་འཁོར་དྲུག་སོགས་སོང་གསལ་སྤྲད་དེ་དར་ཆེན་ལ་གཡས་བསྐོར་གྱིས་ཁུངས་སོ་སོར་ལོགརྒྱུགས་རིང་སྤྱི་ཁྱབ་ནས་རྩེ་གཟིམ་འགག་ཏུ་ཞུ་སྒོ་རྣམས་འཐུས་ཚང་བྱུང་ལུགས་སྙན་གསེང་ཞུས་འཕྲལ་ཕྱག་སྲུང་སྩལ་ཏེ་ཐུགས་རྗེ་ཆེ་ཞུའི་སྐུ་ཕྱག་ཕུལ། དེའི་སྐབས་རྟ་པ་རྣམས་ཕྱིར་ལོག་མ་འབྱོར་བའི་དབར་ཟུར་འཕྱོང་གཟིམ་ཆུང་སྤྱན་ལམ་འོག་ཏུ་གཟིམ་སྦྱོང་པ་རྐང་དམག་གཡས་རུ་དང་གཡོན་རུ་གཉིས་ཀྱི་མི་སྟོབས་ཤུགས་ཅན་གཅེར་ཧྲང་གཉིས་རེ་ནས་ཤུགས་རྩལ་ཨབ་ཐང་ཚད་པ་དང་། གྱོན་པ་ཡོད་པ་འགའ་ཤས་ནས་མོན་གཉིས་(ཀི་ལོ་༨༠)ལྷག་ཙམ་གྱི་ལྗིད་ཡོད་པའི་རྡོ་རིལ་འཁྱེར་འགྱོགས་ཀྱིས་བསྐལ་བཟང་དར་ཆེན་ལ་བསྐོར་བ་ལན་གཉིས་ཙམ་རྒྱབ་ཡོང་། དེ་དག་ལ་བླ་ཕྱག་ལས་ཁུངས་ནས་སྐབས་སོ་སོར་གཟེངས་དར་གནང་སྲོལ་ཡོད། སྔ་དྲོའི་མཛད་སྒོ་དེ་དག་གྲུབ་རྗེས་འབྲས་ཚོགས་ཆེན་ཞལ་ངོ་ངོ་ལས་ལྷ་ལྡན་བླ་སྟེང་གཟིམ་ཆུང་འགག་ཏུ་ཐོན་ཕྱག་ཞུས་ཏེ་ལམ་སེང་འབྲས་སྤུངས་སུ་ཕྱིར་ལོག་བྱེད་ཅིང་། སྨོན་ལམ་ལས་བྱ་བ་རྣམས་ཀྱིས་ལས་མཇུག་ཚང་མ་དེ་ཉིན་རང་ལ་གཙང་མར་ཟིན་པ་བྱས་ཏེ་སང་ཉིན་བྱེད་འཕྲོ་གཏན་ནས་མ་ལུས་པ་བྱེད་དགོས་པ་བཅས་དེ་ཉིན་ནས་སྨོན་ལམ་ཆེན་མོོ་ལེགས་པར་གྲོལ་ཟིན་པ་རེད།།
བཞི་མཆོད།
༄༅།།བོད་ཟླ་བཅུ་པའི་ཚེས་ཉེར་བཞི་ཉིན་ཆོས་སྡེ་ཆེན་པོ་སེ་ར་ཐེག་ཆེན་གླིང་ཐོག་མར་ཕྱག་འདེབས་པར་མཛད་མཁན་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་རྒྱ་ནག་༸གོང་མ་མིང་གི་དབུ་བླ་མཛད་པ་པོ་དེ་རྒྱ་ནག་ཏུ་དགོངས་པ་ཞི་དབྱིངས་བརྟས་པའི་དུས་མཆོད་ཀྱི་ཉི་མ་འདིར་སེ་ར་བ་སྤྱི་དང་།ལྷ་ས་ཁུལ་སོགས་ཀྱི་མི་མང་ནས་ཀྱང་དགོང་མོ་གླིང་མེའི་མེ་མཆོད་འབུལ་སྲོལ་འདུག་པ་འདི་དག་ནི་སུ་ཞིག་གིས་བཙན་བསྐུལ་བྱ་མི་མེད་ཀྱང་།སྐྱེས་ཆེན་དམ་པ་རང་རང་གི་ཐུགས་བསྐྱེད་དང་།འཕྲིན་ལས་ཀྱི་དབང་གིས་ཁྱད་པར་རམ།གང་ལྟར་བོད་ནང་ཕལ་མོ་ཆེའི་སྤྱི་སྲོལ་ལྟ་བུ་ཆགས་ཡོད་པ་རེད།།
བཅོ་ལྔ་མཆོད་པ།
༄༅།།བོད་ཚེས་༡༥འདི་ཉིན་གསོལ་ཚོགས་སྔ་གྲོལ་གྱིས་དགོང་དྲོ་བར་སྐོར་ནང་གཞུང་གནས་དང་།རྒྱལ་སྤྲུལ་སོགས་བླ་བྲང་ཆེ་ཁགམཁན་པོ་ཁགརྒྱུད་གྲྭ་སྨད་སྟོད།བཀའ་བློན་རྣམ་པ།རྩེ་ཤོད་ཕྱག་མཛོད་དང་།ཡབ་གཞིས།སྡེ་དཔོན་ཆེ་ཁགལྷ་གཉེར་སོགས་ཀྱི་མཆོད་པ་མར་ཚོན་སྣ་ཚོགས་ཀྱིས་བཞེངས་པའི་མཆོད་ལྷ་དང་།རྒྱལ་བ་རིགས་ལྔ་།རྗེ་ཡབ་སྲས།སྟག་སེང་ཁྱུང་འབྲུགམཐུན་པ་མཆེད་བཞི།རྟགས་བརྒྱད།རྫས་བརྒྱད་སོགས་ཇི་སྙེད་ཅིག་བཀོད་པ་མཛེས་ཤིང་བརྗིད་ཆེ་དཔང་མཐོ་བའི་མཆོད་པ་ཚར་དུ་དངར་བ་བར་སྐོར་འཁོར་ཡུག་ཏུ་བསྒྲིགས་གཤོམས་དང་འབྲེལ་དགོང་དྲོ་ས་སྲིབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་གཡབ་མེད་པའི་ཕེབས་བྱམས་སུ་བཞུགས་འཁོད་དང་འབྲེལ་ཆིབས་ཞབས་སུ་གུང་དང་བཀའ་བློན།ཛ་དར་ཏ་ཐའི་ཡིས་མཚོན་དྲུང་རིགས་སེར་སྐྱ་ཚང་མ་མཚན་རིམ་བཞིན་བསྟར་བསྒྲིགས་ཀྱིས་ཕེབས།མཆོད་གཟིགས་བཀྲིན་ཆེ་སྟེ་མཆོད་པ་སོ་སོའི་མདུན་དུ་མཆོད་བདག་སོ་སོས་སྐབས་མཚམས་སྐུ་ཕྱག་དང་འབྲེལ་མཇལ་དར་ཕུལ་བ་རང་སློག་སྩལ།རྩེ་མཁན་དྲུང་སྐུ་བགྲེས་ནས་སྡེ་ཚན་སོ་སོའི་མཆོད་གཞུང་སྙན་སྒྲོན་དང་འབྲེལ་ཨང་རིམ་ཇི་སྩལ་ཨང་རྟགས་བཀོད།མཆོད་གཟིགས་སུ་ཆིབས་བསྒྱུར་གྱི་སྔོན་ཚུད་གཟིམ་སྦྱོང་དམག་སྒར་ནས་ཆིབས་བསྒྱུར་མ་གྲུབ་བར་མི་མང་འགྲུལ་བཞུད་འགོག་པའི་ཐག་རྒྱ་བཏང་།ཆིབས་བསྒྱུར་སྐབས་བླ་སྟེང་དབུ་རྩེ་ནས་གར་རོལ་བས་ཕེབས་བརྡ་མདའ་མ་དང་།རྒྱ་གླིང་བཏང་།ཕེབས་རས་བཏིང་།སྐུ་སྲུང་དམག་སྒར་གྱིས་སྦ་ཆ་དང་།འཕྲེད་གླིང་བཏང་སྟེ་ཕེབས་གདོང་དུ་དལ་བུས་བསྐྱོད།དེའི་གདོང་དུ་འབྲས་ཚོགས་ཆེན་དགེ་བསྐོས་དང་།ཆབ་དམ་པ།ཞང་པོ་ཤིང་གཉེར།དགེ་གཡོགཐབ་གཡོག་སོགས་སྔོན་བསྐྱོད་ཀྱིས་ཐབ་གཡོག་ནས་སྐད་གསང་མཐོན་པོས་བརྡ་བསྐུལ་གཏོང་།རྩེ་སྐོར་གཞུང་ཞབས་ལོ་ན་ཕྲ་བ་བརྒྱད་ནས་སྔར་སྲོལ་གོས་སང་གི་སྒང་བཞུ་རིལ་རིལ་ཆེན་པོ་ཡུ་བ་རྔ་གཡབ་ལྟ་བུའི་རིང་པོ་བྱས་པ་འཁྱེར་ཏེ་མཆོད་པར་གཟིགས་འབུལ་ཞུ།ཐག་རྒྱའི་ནང་དུ་བར་སྐོར་འཁྱིལ་པོར་སྐུ་སྲུང་འགོ་དམག་སོགས་དམག་མི་རྣམས་གོ་མཚོན་རང་འགྲིགས་ཀྱིས་༸གོང་ས་ཆེན་པོ་ཕེབས་མཚམས་སོ་སོར་གུས་བཏུད་ཞུ།མཆོད་གཟིགས་གྲུབ་འཕྲལ་ཕེབས་མཇུག་དམག་སྒར་རྣམས་རུ་བསྒྲིགས་ཀྱིས་རང་རང་རོལ་ཆ་བཏང་སྟེ་བར་སྐོར་གཅིག་བསྐོར་ཏེ་ཁུངས་སོ་སོར་ཕྱིར་ལོགདེ་ནས་ཐག་རྒྱ་སློད་པ་དང་།མི་མང་འབུམ་སྐོར་འུར་ཏེ་བར་སྐོར་འཚང་ག་ཆེན་པོས་སྐབས་རེ་རྡོག་བརྫིས་ཀྱིས་མི་གསོད་པའང་ཡོང་སྲིད།དེ་ནས་རིམ་པས་འཚང་ག་ཆག་མཚམས་གཡས་ཡོན་ལུང་ཚན་སོ་སོའི་ཕོ་གཞོན་མོ་གཞོན་རྣམས་ཀྱིས་མཆོད་པའི་མདུན་དུ་རྐང་བྲོ་གླུ་གཞས་རིམ་ཕུལ་གྱི་ཡུལ་ཚན་སོ་སོའི་གཞས་ཚིག་གི་ཚིག་རྒྱག་ཐུག་སྟེ་ཚེས་༡༦གི་ནམ་མ་ལངས་བར་གཞས་བསྐོར་བཏང་སྟེ་སྡོད་པ་དང་།སྐབས་རེ་ཚིག་རྒྱག་ཐག་མ་ཆོད་བར་དེའི་སང་ཉིན་གླིང་སྐོར་ཕྱིར་གཞས་ཀྱི་འགྲན་བསྡུར་ཡང་བྱེད་སྲོལ་ཡོང་།ཡར་ངོའི་ཚེས་ཆ་གང་འོས་ལ་སྤྱན་བསལ་སྐུ་འགྱེད་ཅེས་རྩེ་གཟིམ་ཆུང་ནས་དམིགས་བསལ་གྱི་གསོལ་ཇ་དང།བཞེས་ཐུག་འབྲས་ཚ།སྐུ་འགྱེད་ཊམ་དཀར་རེ་བཅས་འཆར་ཅན་སྩལ་བ་རེད།།