ཨོ་རྒྱན་བཀའ་གཏེར་རབ་རྒྱས་གླིང་། ༼སྔ་འགྱུར་རྙིང་མ། ཀོ་ལི་གྷལ།༽

༄༅། །ཨོ་རྒྱན་བཀའ་གཏེར་རབ་རྒྱས་གླིང་ནི། ༸སྐྱབས་རྗེ་ཀརྨ་སྐུ་ཆེན་མཆོག་གིས་མི་མང་ལ་ཕྱག་དང་མཆོད་འབུལ་བྱེད་ས་ཞིག་བཞེངས་ཐུབ་ན་ལེགས་པར་འདུག་ཅེས་མཁན་པོ་པདྨ་ཆོས་འཕེལ་མཆོག་ལ་ས་ཆ་གནང་བར་བརྟེན། ཕྱི་ལོ་ ༢༠༢༢ ལོར་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་དུ་དགོན་པ་གསར་བཞེངས་གནང་། དགོན་གནས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ། ཀརྨ་སྐུ་ཆེན་བཅས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ་བསྟན་པ་རྒྱས་པའི་བསྟི་གནས་ཤིག་ཏུ་འགྱུར་བའི་སྨོན་ལམ་དང་རབ་གནས་ཀྱང་མཛད། ནང་རྟེན་སྟོན་པའི་སྐུ་བརྙན་དང་། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། མཆོད་རྟེན་བཅས་བཞུགས་ཡོད། སྒྲུབ་ཁང་དང་བཤད་གྲྭ། སྔོན་སློབ་བཅས་ཀྱིས་གཙོ་བོ་ཐོས་བསམ་སློབ་གཉེར་གྱི་རིམ་པ་ནི་ལོ་ངོ་དགུའི་རིང་འདུལ་བ་དང་མངོན་པ། ཕར་ཕྱིན་དང་དབུ་མ། ཚད་མ་དང་སྡོོམ་གསུམ། བྱམས་ཆོས་སྡེ་ལྔ་དང་གསང་སྔགས་ཕྱི་ནང་གཉིས་ལས་གཙོ་བོ་མ་ཧཱ། ཨ་ནུ། ཨ་ཏི་གསུམ་གྱི་གཞུང་འབྲེལ་ཁག སུམ་རྟགས་སྙན་ངག རྒྱལ་རབས་དང་ཆོས་འབྱུང་བཅས། མདོར་ན་མདོ་མཚན་ཉིད་ཐེག་པ་ནས་སྔགས་རྫོགས་པ་ཆེན་པོའི་བར་རང་ལུགས་ཐུན་མིན་གྱི་རྩ་འགྲེལ་བཅས་ལ་སྦྱང་བརྩོན་གནང་ཡོད་པ་མ་ཟད། སྟོན་པའི་དུས་ཆེན་ཁག་དང་ཚེས་བཅུ། སྨྱུང་གནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་བོད་བསྟན་སྲིད་སྤྱིའི་སླད་དུ་རང་གཞུང་ཆོས་རིག་ལས་ཁུངས་ནས་ཞབས་རིམ་གསོག་སྒྲུབ་ཀྱི་བཀའ་གསལ་ཇི་ཕེབས་བཞིན་བསྒྲུབས་དང་སྒྲུབ་བཞིན་ཡོད། ད་ལྟའི་ཆར་གྲྭ་པའི་ཞལ་གྲངས་ ༧༢ ཡོད།། །།

སོག་གཡུང་དྲུང་གླིང་།༼གཡུང་དྲུང་བོན།སྒང་ཏོག༽

༄༅།།སོག་གཡུང་དྲུང་གླིང་བོན་པོ་དགོན་པ་ནི།ཕྱི་ལོ་༢༠༡༣ ཟླ་ ༤ ཚེས་ ༢༥ ཉིན་༸མཁན་པོ་ཡོན་ཏན་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་འབྲས་ལྗོངས་ལྷོ་ཕྱོགས་གཡང་སྒང་ཡུལ་དུ་ཕྱག་བཏབ། དགོན་པ་འདི་བཞེངས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ཆོས་ལུགས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་ཆེད་དུ་ཡིན་ལ། སྒོས་ཧི་མཱ་ལ་ཡའི་མི་རིགས་ཉམ་ཐག་སློབ་མ་རྣམས་ལ་གནའ་དེང་ཤེས་ཡོན་སྦྱོང་བའི་གོ་སྐབས་བཟང་པོ་སྤྲོད་རྒྱུའི་ཆེད་དུ་ཡིན། དགོན་པ་འདིར་སྐུ་རྟེན་གཙོ་བོ་སྟོན་པ་གཤེན་རབ་མི་བོའི་སྐུ་འདྲ་དང་། གསུང་རྟེན་བཀའ་འགྱུར་བརྟེན་འགྱུར་དང་།ཐུགས་རྟེན་གཡུང་དྲུང་བཀོད་ལེགས་མཆོད་རྟེན་བཞུགས་ཡོད། སློབ་མ་ཡོད་དོ་ཅོག་སློབ་གྲྭར་བསྐྱོད་ནས་དེང་གི་སློབ་སྦྱོང་དང་དགོན་པར་ཡོང་ནས་ནང་ཆོས་སྦྱོང་གི་ཡོད། ད་ལྟའི་ཆར་གྲྭ་པའི་ཞལ་གྲངས་༤༤དང་།བཙུན་མའི་ཞལ་གྲངས་༢༩ཡོད་པས་ཁྱོན་བསྡོམས་སློབ་གྲངས་༧༣ཡོད། དེའི་ནང་ནས་གྲྭ་པ་བརྒྱད་བལ་ཡུལ་༸ཁྲི་བརྟན་ནོར་བུ་རྩེ་ལ་གཞུང་ལུགས་འཆད་རྩོད་བྱེད་བཞིན་དང་། སློབ་མ་གཉིས་དྷརྨ་ས་ལར་ལྷ་འབྲི་དགེ་རྒན་བཟང་པོའི་མདུན་ནས་ཐང་ག་འབྲི་བརྡར་བྱེད་མུས་ཡིན། སློབ་མ་གཅིག་འབྲས་གཞུང་སྨན་གྱི་མཐོ་སློབ་ཅིག་ཏུ་སྨན་གྱི་སློབ་སྦྱོང་ལ་གཞོལ་ཞིང་། སློབ་མ་གཉིས་ཝཱ་ཎའི་མཐོ་སློབ་དུ་སློབ་གཉེར་བྱེད་ཀྱི་ཡོད། སློབ་མ་བུ་མོ་ཞིག་ནི་འབྲས་ལྗོངས་སྒེར་སློབ་ཆེན་པོར་སྦྱོང་བཞིན་ཡོད།།།།

སེ་ར་ཐེག་ཆེན་གླིང་། ༼དགེ་ལུགས། སྦེལ་ཀོབ།༽

༄༅། །སེ་ར་ཐེག་ཆེན་གླིང་ནི། རྗེ་ཙོང་ཁ་པས་རང་གི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ལ་བཀའ་མངགས་གནང་བ་ལྟར། ལྷ་སའི་བྱང་ངོས་རྒྱབ་རི་གླང་ཆེན་ཉལ་འདྲའི་འདབས་སུ་རབ་བྱུང་བདུན་པའི་ས་ཕག་ཕྱི་ལོ་ ༡༤༡༩ལོར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་ཕྱག་བཏབ། ཐོག་མར་གནས་དེར་ཤིང་སེ་བའི་སྡོང་པོ་ར་བ་བསྐོར་བ་ལྟར་ཡོད་པས་སེ་ར་ཞེས་པའི་མིང་ཡང་དེ་ལྟར་ཐོགས། ཐོག་མར་ཚོགས་ཆེན་གཅིག་དང་།གྲྭ་ཚང་བཞི། ཁམས་ཚན་སོ་གསུམ། གྲྭ་ཤག་སྟོང་ཕྲག་གསུམ་ལྷག་ཙམ་བར་འཕེལ་རྒྱས་བྱུང་། གདན་ས་འདིའི་སྐུ་གསུང་ཐུགས་རྟེན་སྐོར་ཚོགས་ཆེན་འདུ་ཁང་ཆེན་མོར་གུང་རུ་རྒྱལ་མཚན་བཟང་པོས་བཀའ་བསྒོ་ཕུག་ནས་གདན་དྲངས་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་དང་། དུར་ཁྲོད་ཆེན་པོ་བསིལ་པ་ཚལ་གྱི་རྡོ་ནག་ལས་གྲུབ་པའི་མགོན་པོ་ཕྱག་བཞི་པ་སོགས་དང་། ཇོ་བོ་རྗེའི་ཚེམས་བཞུགས་པའི་གདུང་རྟེན་སོགས་ཉིས་བརྒྱ་ཉི་ཤུ་བཞུགས། གསེར་དངུལ་འདྲེས་མས་བཞེངས་པའི་བཀའ་འགྱུར་དང་། ཆོས་སྐྱོང་སྐོར་གྱི་སྐུ་ཐང་བྱིན་ཅན་ལྔ། བྱམས་ཆེན་གྱི་ཞལ་རས་ལྷ་ཁང་དུ་ནོར་བུ་བསམ་འཕེལ་དང་རིང་བསྲེལ་སོགས་བཞུགས་པའི་ཇོ་བོ་རྗེའི་སྐུ་སོགས་འདིར་མཚོན་ཙམ་བཀོད་པ་མ་གཏོགས་རྩ་ཆེའི་རྟེན་གསུམ་གྲངས་ཀྱིས་མི་ལང་ངོ་། ། དེང་སང་དགེ་འདུན་གྱི་ཞལ་གྲངས་བཞི་སྟོང་ལྔ་བརྒྱ་དང་སློབ་གཉེར་གནང་སྟངས་ནི། རྒྱལ་བའི་བཀའ་བསྟན་གཉིས་གཞིར་བཅས་ཀླུ་སྒྲུབ་ཡབ་སྲས་སོགས་འཕགས་ཡུལ་གྱི་པཎ་གྲུབ་དང་། རྗེ་ཙོང་ཁ་པ་ཡབ་སྲས་སོགས་བོད་ཀྱི་མཁས་གྲུབ་དམ་པ་རྣམས་ཀྱི་ལེགས་བཤད་རི་བོའི་གཏོས་དང་མཉམ་པ་དེ་དག་ལ་ལོ་ངོ་ཉི་ཤུ་ལྷག་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གནང་བཞིན་པ་ལགས་སོ།། །།

སྨན་སྡོང་བྱང་ཆུབ་ཆོས་གླིང་། ༼བཀའ་བརྒྱུད། བཀྲ་ཤིས་དཔལ་འཁྱིལ།༽

༄༅། །སྨན་སྡོང་བྱང་ཆུབ་ཆོས་གླིང་ནི། ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་དངོས་སློབ་སྨན་སྡོང་མཚམས་པ་ཀརྨ་ངེས་དོན་བསྟན་རྒྱས་མཆོག་གིས་ཕྱི་ལོ་༡༩༠༡ལོར་སྟོད་འབྲོང་པ་མཚོ་དགུ་ཞེས་པར་ཕྱག་བཏབ། ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་དངོས་སློབ་སྨན་སྡོང་མཚམས་པ་ཀརྨ་ངེས་དོན་བསྟན་རྒྱས་མཆོག་དང་།ཟུར་རུ་མཁན་ཆེན་ལུང་རིགས་རྒྱལ་མཚན། སྒྲུབ་དཔོན་དམ་ཆོས། སྒྲུབ་སེང་གོང་མ། ༸སྐྱབས་རྗེ་ཤངས་པ་རིན་པོ་ཆེ་བཅས་ཀྱིས་གདན་ས་རིམ་པས་བསྐྱངས། བཙན་བྱོལ་དུ་འབྱོར་རྗེས་བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་གཞིས་ཆགས་སུ་༸སྐྱབས་རྗེ་སྒྲུབ་སེང་རིན་པོ་ཆེ་མཆོག་ནས་ཕྱི་ལོ་༡༩༦༥ལོར་དགོན་པ་གསར་བཞེངས་གནང་། ཕྱི་ལོ་༡༩༩༡ལོར་སྒྲུབ་སེང་གོང་མའི་ཞལ་སློབ་༸སྐྱབས་རྗེ་ཤངས་པ་རིན་པོ་ཆེ་མཆོག་གིས་ད་ལྟའི་དགོན་པ་གསར་བཞེངས་གནང་།དེང་སྐབས་ཁོང་དབུ་བཞུགས་ཐོག་བོད་རིགས་དང་བལ་པོ་བཅས་ཀྱི་དགེ་འདུན་པ་ཞལ་གྲངས་༡༤༥ཙམ་བཞུགས་པའོ།། །།

སྔགས་དགོན་བདུད་འདུལ་སྒྲུབ་བརྒྱུད་ཆོས་གླིང་། ༼བཀའ་བརྒྱུད། བཀྲིས་དཔལ་འཁྱིལ།༽

༄༅། །སྔགས་དགོན་བདུད་འདུལ་སྒྲུབ་བརྒྱུད་ཆོས་གླིང་ནི། དབུ་འཛིན་སྔགས་པ་ཁོང་འདས་གྲོངས་སུ་གྱུར་རྗེས་དེང་སྐབས་བལ་ཡུལ་སྤོག་ར་གཞིས་དགོན་མངའ་འོག་ཏུ་སྔགས་པ་ཞལ་གྲངས་༣ཙམ་གྱིས་ཡར་ངོ་དང་མར་ངོའི་ཚེས་བཅུ་ཉེར་ལྔ་འཚོགས་བཞིན་པའོ།། །།

སྔ་འགྱུར་རི་དགོན་བཀྲ་ཤིས་ཆོས་གླིང་། ༼སྔ་འགྱུར་རྙིང་མ། བལ་ཡུལ་རྒྱལ་འཕགས།༽

༄༅། །སྔ་འགྱུར་རི་དགོན་བཀྲ་ཤིས་ཆོས་གླིང་ནི། དཔལ་སྔ་འགྱུར་རི་པ་དགོན་གྱི་གདན་ས་དང་པོ་སྟེ། རི་པའི་གདུང་རབས་དང་པོ་རི་སྤྲུལ་གཉིས་པ་རྗེ་གྲུབ་པའི་དབང་ཕྱུག་པདྨ་བདེ་བྱེད་རོལ་པས་ཕྱི་ལོ་ ༡༨༣༠ ལོར་མདོ་ཁམས་རི་བོ་ཆེའི་རྫོང་ཁོངས་གཡུ་གཞུང་ཉི་མ་ཕུག་ཅེས་པའི་སར་ཕྱག་བཏབ་གནང་། རྒྱལ་བ་སྟག་ཤམ་ཨོ་རྒྱན་བསམ་གཏན་གླིང་པའི་ཟབ་ཆོས་ཀྱི་རྒྱུན་འཛིན་གནང་བ་ཤ་སྟག་བྱུང། རི་པའི་བླ་བྲང་དང་། རི་པའི་གདན་རབས་དྲུག གདུང་རབས་བཞི། སྤྲུལ་རབས་བཞི་བཅས་བྱོན། གདན་ས་གཉིས་པ་འཕགས་ཡུལ་སྔ་འགྱུར་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དང་། གདན་ས་གསུམ་པ་བལ་ཡུལ་ཡང་ལེ་ཤོད་སྔ་འགྱུར་རི་དགོན་བཀྲ་ཤིས་ཆོས་གླིང་ཡིན་ལ། གདན་ས་གསུམ་པ་ཕྱི་ལོ་ ༢༠༠༠ ལོར་རི་བླའི་གདུང་རབས་བཞི་པ་གཏེར་ཆེན་ནམ་མཁའ་དྲི་མེད་རབ་འབྱམས་རིན་པོ་ཆེ་དང་། གདུང་སྲས་དགྱེས་སྤྲུལ་འཇིགས་མེད་ནོར་བུ་རིན་པོ་ཆེ་རྣམ་གཉིས་ཀྱིས་ཕྱག་བཏབ། དེ་བཞིན་བལ་ཡུལ་སྔ་འགྱུར་སྒྲུབ་སྡེ་བཀྲ་ཤིས་ངེས་དོན་ཆོས་འཕེལ་བཅས་ཀྱིས་སྔ་འགྱུར་རྙིང་མ་པའི་རིག་འཛིན་གོང་མ་རྣམས་ལས་བརྒྱུད་པའི་མདོ་རྒྱུད་ཀྱི་བཀའ་དང་རྗེས་འབྲེལ་གྱི་བསྟན་བཅོས་སྤྱི་དང་། ཁྱད་པར་རྒྱལ་བ་སྟག་ཤམ་པའི་ཟབ་གཏེར་བཅས་ལ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་ཡོད་ལ། ད་ལྟའི་ཆར་གྲྭ་པའི་ཞལ་གྲངས་ ༡༤༦ ཡོད།། །།

སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་། ༼སྔ་འགྱུར་རྙིང་མ། སྦིར་སྡེ་དགེ༽

༄༅། ། ཉི་གྲགས་དགོན་ནམ་སྔ་འགྱུར་ཟབ་གསང་ཆོས་འཁོར་གླིང་ནི། རྒྱ་སྟོན་པ་ཤར་སྤྲུལ་དམ་ཆོས་རྒྱ་མཚོ་མཆོག་གིས་ཕྱི་ལོ་ ༢༠༠༩ ལོར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་ཁོངས་སྦིར་སྡེ་དགེ་གཞིས་ཁོོངས་སུ་ཕྱག་བཏབ། ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ་དབུ་འབྱེད་མཛད། ལྷ་ཁང་ཐོག་བརྩེགས་གསུམ་ཅན་ཐོག་རྒྱ་ཕིབས་ཉིས་བརྩེགས་དང་བཅས་པ། རྒྱ་མཐོངས་ཀྱི་ཐོག་འོག་ལ་རིག་འཛིན་ཆེན་པོ་ཉི་མ་གྲགས་པའི་གཏེར་ཁ་དང་། བླ་མ་གསང་བ་འདུས་པའི་དཀྱིལ་འཁོར། ལྷ་ཁང་འོག་གི་ནང་རྟེན་གཙོ་བོ་ཐུབ་དབང་གི་སྨན་སྐུ་ཐོག་བརྩེགས་གཉིས་ཅན་ལ་འཁོར་མཛད་པ་བཅུ་གཉིས་ཀྱིས་བསྐོར་བ། གཡས་སུ་སྤྱན་རས་གཟིགས་ཕྱག་བཞི་པ་ལ་འཁོར་ཉེར་སྲས་བརྒྱད་ཀྱིས་བསྐོར་བ། གཡོན་དུ་གུ་རུ་སྣང་སྲིད་ཟིལ་གནོན་ལ་འཁོར་གུ་རུ་མཚན་བརྒྱད་ཀྱིས་བསྐོར་བ་བཞེངས་ཡོད། གཞན་པཎ་གྲུབ་བཅུ་བདུན་གྱི་ཞལ་ཐང་དང་སྔ་འགྱུར་རྙིང་མའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་པའི་ཞལ་ཐང་། ཆགས་རིའི་བླ་བརྒྱུད་ཀྱི་ཞལ་ཐང་སོགས་མང་དུ་བཞུགས། སུམ་ཐོག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཁང་བཅས་དགོན་འདིའི་ཕྱི་ནང་གི་མཛེས་བཀོད་ཕུན་སུམ་ཚོགས་པ་ཡོད། ད་ལྟའི་ཆར་གྲྭ་པའི་ཞལ་གྲངས་ ༧༧ དང་། བཙུན་པ་ ༡ བཅས་ཁྱོན་བསྡོམས་ཞལ་གྲངས་ ༧༨ ཡོད།། །།

ཤུག་གསེབ་སྒྲུབ་སྡེ་གནས་གསུམ་ཌཱཀྐི་ཡོངས་འདུས་གླིང་། ༼སྔ་འགྱུར་རྙིང་མ། བལ་ཡུལ་ཡང་ལེ་ཤོད།༽

༄༅། །ཤུག་གསེབ་སྒྲུབ་སྡེ་གནས་གསུམ་ཌཱཀྐི་ཡོངས་འདུས་གླིང་ནི། ༸སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༩༣ ལོར་སྦྱིན་བདག་བུ་སྐལ་བཟང་ཆོས་དབང་གཙོ་བོར་གྱུར་པའི་འབྲེལ་ཡོད་རྣམས་ཀྱིས་གཟིགས་སྐྱོང་འོག་བལ་ཡུལ་ཡང་ལེ་ཤོད་དུ་གསར་བཞེངས་གནང་། སྒྲུབ་སྡེ་འདིར་གཙོ་བོར་ཀློང་ཆེན་སྙིང་ཐིག་གི་ཆོས་སྐོར་དག་དབང་ལུང་ཁྲིད་གསུམ་བཅས་གསན་བསམ་བཞེས་ཏེ་བསྙེན་སྒྲུབ་ཉམས་ལེན་མཛད་བཞིན་ཡོད་ལ། ཕྱོགས་གསུམ་ཚར་ལྔ་སོང་ཟིན་པའི་བཙུན་མ་སྒྲུབ་པ་ཐོབ་མཁན་ ༢༨ ཙམ་བྱུང་ཡོད་པ་མ་ཟད། དེང་སྐབས་བཙུན་མ་ ༡༤ ཙམ་གྱིས་ལོ་ལྟར་བསྙེན་སྒྲུབ་གནང་དང་གནང་བཞིན་པའོ།། །།

ལི་པིང་ངེས་དོན་བདེ་ཆེན་འོད་གསལ་གླིང་ངམ་འཕགས་སྐལ་སེང་བྲག་སྒྲུབ་སྡེ། ༼བཀའ་བརྒྱུད། མཆོད་འཇོར།༽

༄༅། །ལི་པིང་ངེས་དོན་བདེ་ཆེན་འོད་གསལ་གླིང་ངམ་འཕགས་སྐལ་སེང་བྲག་སྒྲུབ་སྡེ་ནི། བོད་དུ་དིང་རིའི་ཕུ་ན་རྗེ་རྒོད་ཚང་པའི་སྒྲུབ་གནས་ཤར་སྟོད་སེངྒེ་ལྡིང་དང་ཉེ་བར་སེངྒེ་བྲག་ཅེས་པའི་རི་ཁྲོད་དེར་བཞུགས་པའི་བླ་མའི་སྐུ་ཕྲེང་རིམ་བྱོན་ལ་སེང་བྲག་རིན་པོ་ཆེ་ཞེས་གྲགས།སེང་བྲག་སྐུ་ཕྲེང་གསུམ་པས་ཤྲཱི་ནེའུ་རིངས་དགོན་པའི་དབུ་བླ་ཡུན་རིང་གནང་། རིམ་པས་ནེའུ་རིངས་མཆོག་སྤྲུལ་ནར་སོན་ཏེ་དགོན་གནས་རྩིས་འབུལ་ཞུས་རྗེས། རི་དྭགས་རྙི་ལས་ཐར་བ་བཞིན་སྤྲོས་མེད་བྱ་བྲལ་གྱིས་དབེན་གནས་རི་ཁྲོད་ངེས་མེད་དུ་སྒྲུབ་པ་ཉམས་བཞེས་མཛད།སྐབས་ཤིག་ཀླུ་རྩེའི་ས་གནས་སུ་སྤྲོས་མེད་བྲག་ཕུག་ཅིག་ཏུ་བཞུགས་སྐབས་གསོལ་དར་རྫ་ཆུང་གང་ཡོད་པ་དེ་ལྷུང་བས།བསྟན་པ་དར་བའི་རྟེན་འབྲེལ་དུ་གཟིགས་པའི་ཁར་ཉེ་འཁོར་གྱི་ཡུལ་སྡེ་དབྱི་གུ་ཤར་དང་།གླིང་ཤར།གད་དམར་སོགས་ཀྱི་ཕྱོགས་དེའི་དད་ལྡན་རྣམས་ཀྱིས་ཀྱང་བླ་མ་རིན་པོ་ཆེ་གནས་དེར་གཏན་བཞུགས་ཡོང་བར་གསོལ་བ་བཏབ་པ་ལྟར་ཞལ་བཞེས་ཀྱིས་རི་ཁྲོད་སྤྲོས་མེད་ཅིག་གསར་འདེབས་མཛད་ཅིང་།མཚན་ལ་ཀླུ་རྩེ་བསམ་གཏན་ཆོས་གླིང་ཞེས་བླ་མ་ཉིད་ཀྱིས་བཏགས་པར་མཛད།ཕྱིས་སུ་དད་ལྡན་ཀུན་གྱིས་སེངྒེ་བྲག་དགོན་ཞེས་པའི་མཚན་འབོད།ཕྱི་ལོ་༡༩༥༩ལོར་རྒྱ་དམར་གྱིས་བོད་ས་བཙན་བཟུང་བྱས་རྗེས་རིག་གནས་གསར་བརྗེའི་སྐབས་སུ་དགོན་པ་རྩ་གཏོར་བཏང་།འོན་ཀྱང་ལོ་རབས་དགུ་བཅུའི་ནང་ཅུང་ཟད་ཉམས་གསོ་དང་སྦྲགས་ཆོས་སྤྱོད་ཀྱི་བྱ་བའི་རྒྱུན་འཛིན་མི་ཉམས་པ་གནས་མུས་ཡིན། བཙན་བྱོལ་ནང་བལ་ཡུལ་དུ་༸སྐྱབས་རྗེ་ཤྲཱི་སེངྒེ་བྲག་སྐུ་ཕྲེང་ལྔ་པ་ངག་དབང་འགྱུར་མེད་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཕྱི་ལོ་༡༩༧༥ལོར་སྦག་ཁང་ཞེས་པའི་ས་གནས་སུ་༸སྐྱབས་རྗེ་ཁྲི་དཔོན་ཡབ་སྲས་ཀྱི་སློབ་འབངས་གྲྭ་བཙུན་གྲངས་༥༠སྐོར་དང་མཉམ་དུ་དོན་གྲུབ་སྡིངས་སྒྲུབ་དགོན་ཕྱག་བཏབ། ཕྱིས་སུ་ལི་པིང་ཞེས་བལ་བོད་ས་མཚམས་སུ་ངེས་དོན་བདེ་ཆེན་འོད་གསལ་གླིང་སྒྲུབ་སྡེ་དང་། ཚོགས་ཁང་མཐར་མ་ཎི་དུང་འཁོར། མ་ཎི་ཆུ་འཁོར་བཅས་གསར་བཞེངས་གནང་། སྒྲུབ་གནས་སུ་དགེ་འདུན་པ་རྣམས་ཀྱིས་ལོ་གསུམ་ཕྱོགས་གསུམ་བཅད་རྒྱའི་ཐོག་འབྲུག་ལུགས་ཐུན་མིན་གྱི་ཉམས་བཞེས་ནཱ་རོ་ཆོས་དྲུག་དང་།རོ་སྙོམས།ཐུགས་དམ་སྒྲུབ་ཐབས་སྐོར་ལྔ། འབྲས་བུ་རྟེན་འབྲེལ་རབས་བདུན།ལམ་ཟབ་བླ་མའི་རྣལ་འབྱོར་སོགས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་སྒྲུབ་པ་ཉམས་ལེན་གནང་གི་ཡོད། ཕྱི་ལོ་༢༠༡༥ལོར་ས་འགུལ་ཆེན་པོ་དེའི་རྐྱེན་པས་བལ་ཡུལ་རྒྱལ་སའི་ཉེ་འདབས་འཕགས་སྐལ་ཞེས་པར་དགེ་འདུན་པ་རྣམས་ཀྱི་བཞུགས་གནས་གྲྭ་ཤག་དང་།ལྕགས་ཤོག་གི་ཚོགས་ཁང་གསར་སྐྲུན་ཞུས་ཏེ་མ་འོངས་ལས་འཆར་ཁོངས་སུ་འདི་ལོ་འདུ་ཁང་བཞེང་འཆར་ཡོད་པ་དང་།དེང་གི་ཆར་དགེ་མདུན་པ་༢༣ཙམ་གྱིས་སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་བཞིན་ཡོད།། །།

རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་། ༼སྔ་འགྱུར་རྙིང་མ། འཕགས་ཤིང་།༽

༄༅། །འཕགས་ཤིང་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་ནི། སྔ་འགྱུར་རྙིང་མའི་དབུ་འཛིན་ལྔ་པ་༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་འགྱུར་མེད་ངག་དབང་ཆོས་ཀྱི་བློ་གྲོས་མཆོག་གིས་ཕྱི་ལོ་ ༢༠༠༣ ལོར་བལ་ཡུལ་མཆོད་རྟེན་ཆེན་མོའི་ཉེ་འགྲམ་དུ་རྟེན་དང་བརྟེན་པ་གསར་བཞེངས་གནང་། གཙུག་ལག་ཁང་གི་རྟེན་གྱི་གཙོ་བོ་ནི། གསེར་ཟངས་ལས་གྲུབ་པའི་རྣམ་འདྲེན་བཞི་པ་མཉམ་མེད་ཐུབ་པའི་དབང་པོ་མཆོག་གི་སྐུ་བརྙན་དང་། འདས་པའི་སངས་རྒྱས་མར་མེ་མཛད། མ་འོངས་པའི་སངས་རྒྱས་རྒྱལ་བ་བྱམས་པ་མགོན་པོ་བཅས་བཞུགས་ཡོད། གུ་རུ་ལྷ་ཁང་དུ་མཁན་སློབ་ཆོས་གསུམ། གུ་རུ་མཚན་བརྒྱད། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། རིག་འཛིན་ཆེན་པོ་བརྒྱད་ཀྱི་སྐུ་བརྙན་དང་། བཀའ་འགྱུར་ལྷ་ཁང་དུ་གསུང་རྟེན་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་ཆ་ཚང་། རྙིང་མ་བཀའ་མ་དང་རིན་ཆེན་གཏེར་མཛོད། གསེར་ཟངས་ལས་གྲུབ་པའི་པཎ་གྲུབ་བཅུ་བདུན་གྱི་སྐུ་བརྙན་བཞུགས་ཡོད། སྤྱི་ནོོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་བསྟན་འཛིན་ཆོས་ཀྱི་བློ་གྲོས་མཆོག་དབུ་བཞུགས་ཀྱིས་གྲྭ་བཙུན་ཞལ་གྲངས་ ༡༡༣ བཞུགས་པ་རྣམས་ཀྱིས་ཐུན་མིན་རང་ལུགས་ཕྱག་བཞེས་མཐོང་བ་བརྒྱུད་པའི་འདོན་ཆོས་ཁག་དང་། ཐུན་མོང་བོད་ཀྱི་རིག་གནས་སྤྱི་དང་ལྷག་པར་རྒྱ་བོད་ཀྱི་གཞུང་ཆེན་ཁག་ལ་ཐོས་བསམ་གནང་བཞིན་པ་མ་ཟད། ཨིན་སྐད་དང་བལ་སྐད་སོགས་དེང་དུས་ཀྱི་ཤེས་བྱ་རིག་གནས་ལ་སློབ་གཉེར་གནང་མུས་ཐོག སྨྱུང་གནས་ཆ་བརྒྱད་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་བརྟན་དང་འབྲེལ་གཏེར་ཆེན་རཏྣ་གླིང་པའི་ཚེ་སྒྲུབ་གསང་བ་འདུས་པ། སྨིན་གླིང་ཚེ་སྒྲུབ་ཡང་སྙིང་ཀུན་འདུས། ཟབ་གཏེར་འཆི་མེད་འཕགས་མའི་སྙིང་ཐིག་སོགས་ལོ་ལྟར་རེ་མོས་བཅས་ཟླ་བ་ནམ་ཡིན་གྱི་ཚེས་བཅུ་སོགས་བསྟན་པ་སྤྱི་དང་བྱེ་བྲག་སྔ་འགྱུར་རྙིང་མའི་བསྟན་པ་རིན་པོ་ཆེ་ཉམས་མེད་རྒྱུན་འཛིན་གནང་བཞིན་ཡོད་ལ། ད་ལྟའི་ཆར་གྲྭ་པ་ ༦༨ དང་། བཙུན་མ་ ༣༤ བཅས་བསྡོམས་པའི་གྲྭ་བཙུན་ཞལ་གྲངས་ ༡༠༢ ཡོད།། །།