Go Back

འཁྲུངས་སྐར་དུས་ཆེན།


༄༅།། བོད་ཟླ་ ༥ ཚེས་ ༥ ཉིན་ (རྗེས་སོར་ཕྱི་ཟླ་༸ཚེས་༦ལ་གཏན་འབེབས་མཛད་) སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་འཁེལ་བའི་མཛད་ཆེན་ལ་རྩེ་ཕོ་བྲང་དང་། ནོར་གླིང་ཕོ་བྲང་ཡང་སྟེང་སོ་སོར་མཛོད་ཆུང་ནས་གྲ་བསྒྲིགས་ཞུས་པ་ལྟར་བརྒྱགས་བརྔན་ལྷ་བསང་དང་། འཁྲུངས་ལྷའི་གསོལ་མཆོད། སྐུ་ཁམས་དང་མཐུན་པའི་དབུ་ལྕོག་གསར་དུ་སྒྲོན་འཛུགས་ཞུས།ཡབ་གཞིས་སྐུ་ངོ་རྣམས་ནས་སྔ་དྲོ་གཟིམ་ཆུང་དུ་ནང་མའི་རྟེན་གསུམ་མཇལ་དར་ཕུལ། དྲུང་བཞེས་ཚུགས། གསོལ་ཇ། བཞེས་འབྲས་ཕེབས། བཀའ་ཤག་དང་། རྩེ་མགྲོན་ཡན་ནས་རྒྱུན་ཆས་ཁ་གསར་ཐོག་རྩེ་ཕོ་བྲང་དུ་གཟིམ་ཆུང་དགའ་ལྡན་ཡང་རྩེ་དང་། ནོར་གླིང་དུ་བཞུགས་སྐབས་མཚོ་དཀྱིལ་ཕོ་བྲང་ལྷུན་གྲུབ་དགའ་ཚལ་དུ་བཞུགས་ཁྲི་བདེ་སྟན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་བཞུགས་འཁོད་ཀྱིས་སྐུའི་ཡོངས་འཛིན་རྣམ་གཉིས་ནས་སྐུའི་ཚེ་རྫས་འབུལ་གནང་གིས་དབུ་གཏུགས་མཛད། ཕྱག་སྲུང་གནང་།མཛོད་ཆུང་ནས་ཡོངས་འཛིན་རྣམ་གཉིས་ལ་མགུལ་དར་དང་། རྩེ་ཕྱག་ནས་ནམ་རྒྱུ་སྤུ་ཕྲུག་བཅས་འབུལ་གནང་མཛད་དེ་བཞུགས་ཞབས་འཁོད། བཀའ་བློན་རྣམ་པས་མཚོན་ནང་མ་ཡན་རྒྱུན་ཆས་ཁ་གསར་ཐོག་ནས་གོ་བབ་ཀྱི་མཇལ་དར་དཀར་གཙང་རེ་ཕུལ་ཏེ་མཇལ་ཁ་ཞུས།ཕྱག་སྲུང་སྩལ་ཏེ་མཚོ་དཀྱིལ་ཕོ་བྲང་ལ་ཞབས་བསྐོར་དང་འབྲེལ་ཉི་འོད་དུ་ཕེབས།ཕེབས་སྒོ་བཞེས་སྤྲོ་དང་། གསོལ་ཇ་གཉིས་པ་ཕེབས་ཏེ་དྲུང་བཞེས་གྲོལ།ཡབ་གཞིས་སྐུ་འཁོར་རྣམས་ནས་ནོར་གླིང་མགོན་པོ་ཁང་དུ་གནས་གཟིགས་བསྐང་འཕར་འཕྲིན་བཅོལ་དང་འབྲེལ་ནོར་གླིང་ནས་ཆིབས་ཧྲག་དང་བཅས་རྒྱལ་ས་ལྷ་སའི་ཤར་ཕྱོགས་འགྱངས་ཐག་མལ་ལེ་གཉིས་ཙམ་ཡོད་པའི་འཁྲུངས་ལྷ་ཞེས་པའི་མགོན་ཁང་དང་། མཐའ་སྐོར་གླིང་ག་ཡོད་ས་དེར་ཕེབས་ཏེ་འཁྲུངས་ལྷའི་གསོལ་མཆོད་རྒྱས་ཚུགས་ཡོད་པ་བཞིན།དབུ་ལྕོག་གསར་སྒྲོན་དང་འབྲེལ་ལྷ་རྟེན་རྣམས་ལ་༸གོང་ས་མཆོག་གི་ཐུགས་སྨོན་སྙན་དར་དང་། ༸རྒྱལ་བའི་ཡབ་ཡུམ་སྐུ་འཁོར་རྣམས་ལ་གཞུང་གནས་ཀྱི་གསོལ་ཚིགས་གཟབ་རྒྱས་ཉིན་གཉིས་ཕུལ། ཡབ་གཞིས་སྐུ་ངོ་རྣམ་པས་གཞུང་ཞབས་སེར་སྐྱ་ལས་ཚན་ཡན་ལ་གསོལ་མགྲོན་ཉིན་གཉིས་སྩལ་སྐབས་སྐུ་མགྲོན་རྣམས་ནས་འབྱོར་འཕྲལ་༸རྒྱལ་བའི་ཡབ་ཡུམ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་མཇལ་དར་དཀར་གཙང་རེ་དང་འཁྲུངས་ལྷའི་ལྷ་རྟེན་རྣམས་ལ་༸སྙན་དར་འཕྲིན་བཅོལ་ཞུ་སྲོལ། དེ་ཉིན་འཁྲུངས་སྐར་མཛད་ཆེན་ལ་ལྷ་ཞོལ་ཁུལ་གཏན་སྡོད་སོགས་མི་མང་སེར་སྐྱ་ཚང་མས་དགའ་གུས་སྤྲོ་གསུམ་སྒོ་ནས་རང་རང་གོས་རྒྱན་གཟབ་མཆོར་ཐོག་དཔལ་ལྷ་ཞི་དྲག་དང་། རྨེ་རྙིང་དཔེ་ཧར་ལྕོག་སོགས་མགོན་ལྕོག་ཁག་ལ་བསངས་གསོལ་འཕྲིན་སྐྱེམས་སྙན་ཤལ་སོགས་འབུལ་བར་འཚངས་ཀ་ཤིག་ཤིག་བཅར་བ་དང་། སྐྱིད་ཆུའི་འགྲམ་དུ་ཆུ་བསངས་གཏོང་བ་དང། དབུ་ལྕོག་སྒྲོན་འཛུགས་སོགས་རྒྱ་ཆེ་ཞུ་གི་རེད།།