༄༅། །བོད་ཟླ་ ༡ ཚེ་ས་ ༡༥ ཉིན། སྔོན་འཕགས་ཡུལ་མཉན་ཡོད་དུ་སྟོན་པ་ཐུགས་རྗེ་ཅན་གྱིས་མུ་སྟེགས་སྟོན་པ་དྲུག་ཆོ་འཕྲུལ་གྱིས་ཚར་བཅད་པའེ་དུས་ཆེན་དངོས་གཞིའི་ཉི་མར་བརྟེན་སྔ་ཆར་འཁྱམས་ར་ཆེན་མོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཁྲིར་ཞབས་བཀོད་བཀྲིན་ཆེ་སྟེ་གསོ་སྦྱོང་བསྐྱངས། དེ་ནས་ཞོགས་ཚོགས་གྲོལ་ཏེ་གསུང་རར་ཆིབས་བསྒྱུར་གྱིས་གདན་གསུམ་མཁན་པོ་བླ་སྤྲུལ་དང་། གཞུང་ཞབས་སེར་སྐྱ། དགེ་འདུན་ཚོགས་ཡོངས་བཅས་ལ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་སྩལ་སྐབས་རྨེ་རྙིང་ལྕོག་ནས་གནས་ཆུང་ཆོས་རྒྱལ་ཆེན་པོ་བསྟེན་གཞིར་སྤྱན་འདྲེན་མཛད་དེ། ནུབ་མའི་ཁང་པ་བརྒྱུད་བར་སྐོར་ལྷོ་རྒྱུད་ནས་གསུང་རར་ཕེབས། ༸གོང་ས་༸སྐྱབས་མགོན་ཆེན་མཆོག་གི་སྐུ་མདུན་དུ་ཆོས་རྒྱལ་ཆེན་པོས་གུས་འདུད་པད་འབུལ་རྟེན་འགྱོགས་མཛད་ནས་ཕྱིར་ཕེབས་ལམ་ཞོར་རུང་ཁང་ཆེན་མོར་རབ་གནས་མཛད། སྐབས་འགར་གློ་བུར་གནས་གཟེགས་སུ་ཕེབས་ནས་མེ་རྙིང་དུ་ཕྱེར་ཕེབས་པ་དང་། ༸གོང་ས་མཆོག་ཆིབས་བསྒྱུར་མེད་པར་དགའ་ལྡན་ཁྲི་རིན་པོ་ཆེ་གསུང་རར་ཕེབས་སྐབས་ཀྱང་ཆོས་སྐྱོང་གི་མཛད་རིམ་དེ་ལྟར་ཐོག་གསུང་རར་རྩེའི་སྐུ་ཚབ་ནས་ཐུགས་སྨོན་སྒྲོན་དར་བཅས་གནང་ལམ་ཡོད། དེ་ནས་དགུང་ཚི་གས་གྲོལ་རྗེས་འཁྱམས་རར་གདན་གཉེར་ནས་བཞུགས་ཁྲི་སྒྲོན་རྒྱབ་ཐོག་༸གོང་ས་མཆོག་ཆིབས་བསྒྱུར་གྱིས་བཞུགས་ཞབས་འཁོད། རྒྱལ་སྤྲུལ་སོགས་ཀྱི་སྦྲུལ་སྐུ་ཆེ་འབྲིང་ཡོངས་རྫོགས་དང་། མཁན་བླ། གཞུང་ཞབས་སེར་སྐྱ། འབྲས་ཚོགས་ཆེན་དབུ་མཛད་དང་། གྲྭ་ཚང་བཞིའི་དབུ་མཛད། ཆོས་དབྱངས་པ་དང་། གདན་གསུམ་དགེ་འདུན་སྐལ་བཟང་པ་ཚོ་འདུས་བཅས་བཅར་ཏེ་སྐམ་ཚོགས་སྨོན་ལམ་ཆེན་མོའི་མཆོད་འབུལ་དང་། ཞལ་འདོན་ལྗགས་བསྔོ་བཅས་རྒྱས་པར་བསྐྱངས། དེ་ནས་དགོང་ཇ་གྲོལ་མཚམས་བཅོ་ལྔ་མཆོད་པའི་མཆོད་གཟིགས་སུ་ཆིབས་བསྒྱུར་བཅས་ཡིན།
༄༅། །བོད་ཚེས་ ༡༥ འདི་ཉིན་གསོལ་ཚོགས་སྔ་གྲོལ་གྱིས་དགོང་དྲོ་བར་སྐོར་ནང་གཞུང་གནས་དང་། རྒྱལ་སྤྲུལ་སོགས་བླ་བྲང་ཆེ་ཁག མཁན་པོ་ཁག རྒྱུད་གྲྭ་སྨད་སྟོད། བཀའ་བློན་རྣམ་པ། རྩེ་ཤོད་ཕྱག་མཛོད་དང་། ཡབ་གཞིས། སྡེ་དཔོན་ཆེ་ཁག ལྷ་གཉེར་སོགས་ཀྱི་མཆོད་པ་མར་ཚོན་སྣ་ཚོགས་ཀྱིས་བཞེངས་པའི་མཆོད་ལྷ་དང་། རྒྱལ་བ་རིགས་ལྔ་། རྗེ་ཡབ་སྲས། སྟག་སེང་ཁྱུང་འབྲུག མཐུན་པ་མཆེད་བཞི། རྟགས་བརྒྱད། རྫས་བརྒྱད་སོགས་ཇི་སྙེད་ཅིག་བཀོད་པ་མཛེས་ཤིང་བརྗིད་ཆེ་དཔང་མཐོ་བའི་མཆོད་པ་ཚར་དུ་དངར་བ་བར་སྐོར་ཁོར་ཡུག་ཏུ་བསྒྲིགས་གཤོམས་དང་འབྲེལ་དགོང་དྲོ་ས་སྲིབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་གཡབ་མེད་པའི་ཕེབས་བྱམས་སུ་བཞུགས་འཁོད་དང་འབྲེལ་ཆིབས་ཞབས་སུ་གུང་དང་བཀའ་བློན། ཛ་དར་ཏ་ཐའི་ཡིས་མཚོན་དྲུང་རིགས་སེར་སྐྱ་ཚང་མ་མཚན་རིམ་བཞིན་བསྟར་བསྒྲིགས་ཀྱིས་ཕེབས། མཆོད་གཟིགས་བཀྲིན་ཆེ་སྟེ་མཆོད་པ་སོ་སོའི་མདུན་དུ་མཆོད་བདག་སོ་སོས་སྐབས་མཚམས་སྐུ་ཕྱག་དང་འབྲེལ་མཇལ་དར་ཕུལ་བ་རང་སློག་སྩལ། རྩེ་མཁན་དྲུང་སྐུ་བགྲེས་ནས་སྡེ་ཚན་སོ་སོའི་མཆོད་གཞུང་སྙན་སྒྲོན་དང་འབྲེལ་ཨང་རིམ་ཇི་སྩལ་ཨང་རྟགས་བཀོད། མཆོད་གཟིགས་སུ་ཆིབས་བསྒྱུར་གྱི་སྔོན་ཚུད་གཟིམ་སྦྱོང་དམག་སྒར་ནས་ཆིབས་བསྒྱུར་མ་གྲུབ་བར་མི་མང་འགྲུལ་བཞུད་འགོག་པའི་ཐག་རྒྱ་བཏང་། ཆིབས་བསྒྱུར་སྐབས་བླ་སྟེང་དབུ་རྩེ་ནས་གར་རོལ་བས་ཕེབས་བརྡ་མདའ་མ་དང་། རྒྱ་གླིང་བཏང་། ཕེབས་རས་བཏིང་། སྐུ་སྲུང་དམག་སྒར་གྱིས་སྦ་ཆ་དང་། འཕྲེད་གླིང་བཏང་སྟེ་ཕེབས་གདོང་དུ་དལ་བུས་བསྐྱོད། དེའི་གདོང་དུ་འབྲས་ཚོགས་ཆེན་དགེ་བསྐོས་དང་། ཆབ་དམ་པ། ཞང་པོ་ཤིང་གཉེར། དགེ་གཡོག ཐབ་གཡོག་སོགས་སྔོན་བསྐྱོད་ཀྱིས་ཐབ་གཡོག་ནས་སྐད་གསང་མཐོན་པོས་བརྡ་བསྐུལ་གཏོང་། རྩེ་སྐོར་གཞུང་ཞབས་ལོ་ན་ཕྲ་བ་བརྒྱད་ནས་སྔར་སྲོལ་གོས་སང་གི་སྒང་བཞུ་རིལ་རིལ་ཆེན་པོ་ཡུ་བ་རྔ་གཡབ་ལྟ་བུའི་རིང་པོ་བྱས་པ་འཁྱེར་ཏེ་མཆོད་པར་གཟིགས་འབུལ་ཞུ། ཐག་རྒྱའི་ནང་དུ་བར་སྐོར་འཁྱིལ་པོར་སྐུ་སྲུང་འགོ་དམག་སོགས་དམག་མི་རྣམས་གོ་མཚོན་རང་འགྲིགས་ཀྱིས་༸གོང་ས་ཆེན་པོ་ཕེབས་མཚམས་སོ་སོར་གུས་བཏུད་ཞུ། མཆོད་གཟིགས་གྲུབ་འཕྲལ་ཕེབས་མཇུག་དམག་སྒར་རྣམས་རུ་བསྒྲིགས་ཀྱིས་རང་རང་རོལ་ཆ་བཏང་སྟེ་བར་སྐོར་གཅིག་བསྐོར་ཏེ་ཁུངས་སོ་སོར་ཕྱིར་ལོག དེ་ནས་ཐག་རྒྱ་སློད་པ་དང་། མི་མང་འབུམ་སྐོར་འུར་ཏེ་བར་སྐོར་འཚང་ག་ཆེན་པོས་སྐབས་རེ་རྡོག་བརྫིས་ཀྱིས་མི་གསོད་པའང་ཡོང་སྲིད། དེ་ནས་རིམ་པས་འཚང་ག་ཆག་མཚམས་གཡས་ཡོན་ལུང་ཚན་སོ་སོའི་ཕོ་གཞོན་མོ་གཞོན་རྣམས་ཀྱིས་མཆོད་པའི་མདུན་དུ་རྐང་བྲོ་གླུ་གཞས་རིམ་ཕུལ་གྱི་ཡུལ་ཚན་སོ་སོའི་གཞས་ཚིག་གི་ཚིག་རྒྱག་ཐུག་སྟེ་ཚེས་ ༡༦ གི་ནམ་མ་ལངས་བར་གཞས་བསྐོར་བཏང་སྟེ་སྡོད་པ་དང་། སྐབས་རེ་ཚིག་རྒྱག་ཐག་མ་ཆོད་བར་དེའི་སང་ཉིན་གླིང་སྐོར་ཕྱིར་གཞས་ཀྱི་འགྲན་བསྡུར་ཡང་བྱེད་སྲོལ་ཡོང་། ཡར་ངོའི་ཚེས་ཆ་གང་འོས་ལ་སྤྱན་བསལ་སྐུ་འགྱེད་ཅེས་རྩེ་གཟིམ་ཆུང་ནས་དམིགས་བསལ་གྱི་གསོལ་ཇ་དང། བཞེས་ཐུག་འབྲས་ཚ། སྐུ་འགྱེད་ཊམ་དཀར་རེ་བཅས་འཆར་ཅན་སྩལ་བ་རེད།
༄༅། །བོད་ཟླ་ ༡ ཚེས་ ༢༤ སྔ་དྲོ་གནས་ཆུང་ཆོས་རྒྱལ་ཆེན་པོ་རྨེ་རྙིང་ནས་བར་སྐོར་ནང་འཁོར་བརྒྱུད་སྨོན་ལམ་སྐམ་ཚོགས་སུ་དགའ་ལྡན་ཁྲི་རིན་པོ་ཆེའི་སྐུ་མདུན་དུ་ཕེབས་ཏེ་མཇལ་རྟེན་མཛད་ནས་ཇོ་ཤཀ་རྣམ་གཉིས་སོགས་རྟེན་གཙོ་ཁག་ལ་གནས་གཟིགས་མཛད། དེ་ཉིན་ལྷ་ལྡན་སྨོན་ལམ་ཆེན་མོའི་རྗེས་འབྲེལ་གཏོར་རྒྱག་ཏུ་རྟ་དམག་དང་གཟིམ་སྦྱོང་པ་གཉིས་བསྐྱོད་དགོས་པར་དེ་ཉིན་ཡ་སོར་སྤྱི་ཁྱབ་ན་བཟའ་རྒྱ་སེ་གླང་ཆེན་ཚང་འཁོར་གྱི་མཁལ་ག་གཟུགས་དང་། དབུ་ཞྭ་སྦུ་ཁྲུ་སོགས་དང་། རྟེན་མདུང་གདན་ཞུ། རུ་ཁག་གཡས་གཡོན་གྱི་རྟ་དམག་རྣམས་སྣེ་འཁྲིད་ཞོལ་བསྐལ་བཟང་ཟམ་པ་ནས། རྡོ་རིང་ཕྱི་མ། དགོན་གསེབ་ཤར། དབང་ཆེན་གླིང་གའི་ཟུར་བརྒྱུད་ར་ཆེའི་མཚམས་ནས་གཡས་རུ་གླིང་བསྐོར་སྨོན་གྲོང་ཟམ་པ། རྒྱ་ལྷ་ཁང་། དེ་ནས་ཧོར་ཁང་། ན་ཤར་རྒྱུད་དང་། གཡོན་རུ་ར་ཆེ་ནས། རྨེ་རུའི་མདུན་བརྒྱུད་གླིང་བསྐོར་རྒྱ་ལྷ་ཁང་། དེ་ནས་སྡེ་ཐའི་བརྒྱུད། ཀུན་རྩེའི་སྒོ་འགྲམ་ནས་བསྐྱོད་དེ་གཡས་རུ་དང་གཡོན་རུ་གཉིས་གདོང་ཟུར་དུ་དུས་འཛོམས་དང་འབྲེལ་ཁྲུང་ཞུ་མས་ཕུད་གཏོར་ཞུས། བླ་རྙིང་མདུན་བཞུགས་ཁྲི་སྔོན་སྒྲོན་སར་བཞུགས་ཞབས་འཁོད། གསོལ་ཇ༑བཞེས་འབྲས། རྒྱན་བཟང་མས་སླར་ཡང་ཕུད་གཏོར་ཞུས་ཏེ་ཕྱག་འབུལ་ཞུས། ཉེ་འབྲེལ་སོགས་མི་མང་ནས་ཡ་སོར་ངོ་ལས་ཞབས་གྲས་དང་བཅས་པར་ལེགས་དར་ཤོག་འཛར་དང་སྦྲགས་འཚང་ག་ཤིག་ཤིག་འབུལ་སྲོལ། བོད་ལྗོངས་སྣོད་བཅུད་ཡོངས་ཀྱི་བདག་པོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཏོར་གཟིགས་སུ་བླ་སྟེང་གཟིམ་ཆུང་ཟུར་འཕྱོང་དུ་ཆིབས་བསྒྱུར་གྲུབ་ཡོད་མེད་ཡ་གཡོག་ནས་འོན་གསེང་ཞུས་ཏེ། གྲུབ་མཚམས་ཡ་སོར་སྤྱི་ཁྱབ་གཉིས་ཀྱིས་རྟ་དམག་རྣམས་སྣེ་འཁྲིད་ས་སྦོག་སྒང་དུ་ཕེབས་མཚམས་ཆིབས་བཤོལ་གྱི་འབྲས་ཚོགས་ཆེན་དགེ་བསྐོས་གཉིས་དང་། ཞང་པོ་ཤིང་གཉེར། ཆབ་དམ་པ། ཡ་སོར་བཅས་ཇོ་བོའི་དབུ་སྐྲའི་ཚད་རྡོའི་མཚམས་དལ་བུའི་ཐོག་ནས་གོམ་གསུམ་སྤོས་ཏེ་ཞྭ་ཕུད་ཀྱིས་སྐུ་ཕྱག་གསུམ་ཕུལ་ཏེ་སླར་ཡང་གོམ་གསུམ་ཕྱིར་བཤིག་བྱས་ཏེ་དེ་ནས་ས་སྦོག་སྒང་བར་བསྐྱོད། ལྷ་སའི་མི་དཔོན་གཉིས་དང་། གཟིམ་སྦྱོང་པའི་འགོ་པ་ཟླ་གཅིག་དྲུང་འཁོར་ནས་སྣེ་འཁྲིད་རྐང་དམག་གཟིམ་སྦྱོང་པ་ཞེས་པ་སྔར་ལུགས་ལྕགས་ཞྭ། ལྕགས་ཀྱི་གོ་ཁྲབ། ཕུབ། མདའ་གཞུ་སག་ཐག སྔ་མོའི་བོད་མདའ་རང་འགྲིགས་ ༥༠༠ སྐོར་ནས་ཇོ་བོའི་དབུ་སྐྲའི་མདུན་དུ་གོ་རྩེད་གཟིགས་འབུལ་ཞུས། སྤྱི་ནོར་༸གོང་ས་ཆེན་པོའི་སྐུ་ཕྱྭ་དང་། བསྟན་སྲིད་སྐྱེ་འགྲོའི་བདེ་སྐྱིད་ཀྱི་ཆེད་དམིགས་སྐུ་བཅར་ཕན་བདེ་ལེགས་བཤད་གླིང་དང་། འབྲས་སྔགས་པ་གྲྭ་ཚང་གཉིས་ནས་གཏོར་སྒྲུབ་ཟོར་འཕེན་དུ་ཕེབས་སྐབས་སྔོན་དུ་རྣམ་གྲྭ་དང། སྔགས་གྲྭའི་ཕོ་གཞོན་གཟབ་འཕྱོར་ལྡན་པ་ནས་ཕྱག་དར་གདན་ཞུས། གཏོར་རྒྱག་ཏུ་དགའ་ལྡན་ཁྲི་རིན་པོ་ཆེ་དང་། དེའི་ཕེབས་ཞབས་སུ་ལོ་དེའི་ལྷ་རམས་དགེ་བཤེས་བཅུ་དྲུགགནས་ཆུང་ཆོས་རྒྱལ་ཆེན་པོ་ཇོ་ཁང་ནང་བརྒྱུད་ཁྱམས་རའི་སྒོ་འཕྱོར་དུ་ཕེབས་པ་དང་། ༸གོང་ས་མཆོག་ལ་པད་འབུལ་གྲུབ་འཕྲལ་རྩེ་ཤོད་སྐུ་ཚབ་ནས་སྒྲོན་དར་འབུལ་གནང་མཛད་རྒྱུ་དང། དེ་ནས་རྐང་དམག་གཟིམ་སྦྱོང་བ་རྣམས་ནས་ཆོས་སྐྱོང་ཞལ་མཇལ་མ་ཐགལྷ་རྒྱལ་འཐེན་ནས་དགའ་བའི་རྣམ་འགྱུར་དང་བཅས་འགོ་བྱེད་རྣམས་ནས་མཇལ་ཁ་ཞུས་ཏེ་གཟིམ་པ་དང་ལྷན་དུ་གཏོར་རར་ཕེབས་པ་དང་། དགའ་ལྡན་ཁྲི་རིན་པོ་ཆེར་པད་འབུལ་དང་འབྲེལ་མཇལ་རྟེན་མཛད་རྒྱུ། དེ་ནས་སྒྲ་གཅན་ཐེབས་ཕྱོགས་སུ་ཞལ་གཟིགས་ནས་གནས་གྲྭའི་དབུ་མཛད་ནས་དྲག་བསྐུལ་ཞལ་འདོན་ཕྱག་རོལ་དང་འབྲེལ་ཆོས་སྐྱོང་གིས་སྐུ་འཆམས་མཛད་ནས་སྒྲ་ཕྱོགས་སུ་ཕྱག་མདའ་དང་བ་དན་གྱི་ཟོར་འཕེན་གནང་བ། ཕྱིར་ཕེབས་མཚམས་སེང་གེ་ཤག་གི་ཁང་ཟུར་རྟ་དམག་ནས་ཀྭི་བསྭོ་འཐེན་པ་དང། ཆོས་སྐྱོང་ནས་ཕྱག་ཤན་གདེངས་གནང་མཛད་པ་སོགས་དང། སྲུང་མ་དམར་ནག་གི་རྟེན་མདུང་གི་སྣེ་འཁྲིད་ཡ་སོར་སྤྱི་ཁྱབ་ངོ་ལས་དང། རྟ་དམགརྐང་དམག་གཟིམ་སྦྱོང་པ་རྣམས་ནས་བོད་མདའི་མེ་འཕེན་གཅིག་མཇུག་གཉིས་མཐུད་བྱེད་བཞིན་དུ་བསྐྱོད་ཅིང་། སོག་ཕུང་ལ་མེ་སྦར་ཟོར་འཕེན་ཟིན་མཚམས་དབུས་ཆུའི་ལྷོ་བརྒྱུད་བྱ་སྐྱག་དཀར་པོར་མེ་སྒྱོགས་ཚད་ཟིན་ལྟ་རྟོག་བྱ་མི་གར་ཕྲུག་འགའ་ཤས་བསྡད་དེ་དེར་ཡ་མོན་དམག་སྒར་ནས་བོད་བཟོས་མེ་སྒྱོགས་ཐེངས་ ༡༠ རྒྱག དེ་འབྲེལ་གཟིམ་སྦྱོང་པས་བོད་བཟོས་མེ་མདའ་དགུར་ཤོག་གཅིག་མཇུག་གཉིས་མཐུད་ཀྱི་རྒྱག གནས་ཆུང་ཆོས་རྒྱལ་ཆེན་པོས་གཏོར་ཕུང་ཕྱོགས་སུ་ཕྱག་མདའ་གནང་། དེ་ཉིན་དྲུང་བཞེས་བླ་སྟེང་གཟིམ་འགག་ཏུ་ཚུགས་ཏེ་སྨོན་ལམ་ཆེན་མོར་འབྲས་སེ་དགའ་གསུམ་གྱི་བླ་སྤྲུལ་དགེ་བཤེས་ལྷ་རམས་མཚན་རྟགས་ཨང་རིམ་གཟིམ་སྒོའི་འཁྲིས་མཁན་དྲུང་སྐུ་བགྲེས་ནས་གཞུང་ཁྲ་སྐད་བསང་མཐོན་པོས་སྒྲོགས་སྦྱང་དང་འབྲེལ་ཨང་རིམ་དང་པོར་རྩེ་འཕྲལ་བདེ་ལས་ཁུངས་ནས་གནང་ཆ་ཞྭ་སེར་དང་། སྣམ་སྦྱར་སོགས་ལེགས་དར་ནང་མཛོད། ཨང་གཉིས་གསུམ་ལ་ཞྭ་སེར་དང་། ཇ་འཁོར་དྲུག ལེགས་དར་ཨ་ཤེ། འཕྲོས་ལྷ་རམས་ཚང་མར་ལེགས་དར་ཟུབ་ཕྱི་རེ་གནང་སྟེ་ཐུགས་རྗེ་ཆེ་ཞུའི་ཕྱག་འཚལ་ཞུས། གཞུང་ཞབས་སེར་སྐྱ་རྣམས་གཏོར་རྒྱག་མ་ཟིན་བར་བཞུགས། གཏོར་རྒྱག་ཟིན་འཕྲལ་དྲུང་བཞེས་གྲོལ། ཡ་སོར་ངོ་ལས་རྟ་དམག་རྣམས་ཀླུ་སྦུག་སྒར་སྒྲིག་སར་བསྐྱོད།
༄༅། །བོད་ཟླ་ ༢ ཚེས་ ༡༩ ཉིན་ཚོགས་མཆོད་ཆེན་མོ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་མཚན་བརྗོད་པར་དཀའ་བ་༸གོང་ས་ལྔ་པ་ཆེན་པོ་རྗེ་བཙུན་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་དཔལ་བཟང་པོའི་དགོངས་རྫོགས་སུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཆོ་འཕྲུལ་སྨོན་ལམ་དང་ཆ་འདྲ་བའི་ཚོགས་མཆོད་སྨོན་ལམ་གྱི་མཆོད་འབུལ་འདི་བཞིན་འཕར་འཛུགས་མཛད་པ་ཞིག་ཡིན་ཅིང་། དེའི་རིང་གསོལ་ཚོགས་སུ་ཕེབས་མི་དགེ་འདུན་དང་། གཞུང་གནས་ཀྱི་ཇ་ཐུག་གཏོང་སྒོ། འབྲས་ཚོགས་ཆེན་དགེ་སྐོས་ཀྱི་དབང་ཚད་སོགས་སྨོན་ལམ་ཆེན་མོ་དང་འདྲ་རུང་། གདན་ས་ཁག་གི་དགེ་འདུན་ཁོངས་ནས་ཕྱོགས་མཐར་ཕེབས་མི་རྣམས་ཕེབས་ཟིན་པའི་དབང་གིས་འདུས་ཚོགས་སྨོན་ལམ་ནང་བཞིན་གྱི་མང་པོ་རང་མི་ཡོང་ཡང་། དགེ་བཤེས་དམ་བཅའ་འཇོག་མི་ཚོགས་རམས་པ་བརྒྱད་ཡོད། ཚེས་ ༢༥ ཉིན་དགོངས་རྫོགས་ཀྱི་ཚེས་ཆ་དངོས་གཞིར་བརྟེ ན་གཞུང་གི་ཇ་ཐུག་སོགས་གཟབ་རྒྱས་དང་འབྲེལ་སྔར་ལམ་བླ་ཕྱག་ནས་གཞུང་གི་སྐུ་འགྱེད་ཊམ་དཀར་རེ་དང་། རྩེ་གཟིམ་ཆུང་ནས་སྤྱན་གསལ་སྐུ་འགྱེད་ཊམ་དཀར་རེ་དང་། གསོལ་ཇ། བཞེས་ཐུག་འབྲས་ཚ་བཅས་ཡོང་། །
༄༅། །བོད་ཟླ་ ༢ ཚེས་ ༣༠ ཉིན་དཔལ་ལྡན་འབྲས་སྤུངས་དགོན་པའི་རྒྱབ་རི་བྱ་རྒོད་ཕུང་པོའི་རི་དང་གཉིས་སུ་མེད་པའི་དགེ་འཕེལ་དབུ་རྩེར་རྟ་བདུན་དབང་པོའི་འོད་ཟེར་འཕྲོས་མ་ཐག་ཚོགས་མཆོད་སེར་སྦྲེངས་ཆེན་མོའི་མཆོད་རྫས་ལས་བྱ་སྔོན་བསྐྱོད་པ་ན་བཟའ་གཟབ་འཕྱོར་དང་འབྲེལ་བའི་སྤོས་སྣེས་སྔུན་བསུས་ཏེ། ཕྱག་དར་འཁྱེར་མི་དང་པོ་བདེ་ཡངས་བསྟན་པ་དར་རྒྱས་ཀྱིས་སྣ་དྲངས་ཏེ་མཆོད་རྫས་ཀྱི་བྱེ་བྲག་རྣམ་གྲངས་ཤིན་ཏུ་མང་ཞིང་བཀོད་པ་བསམ་གྱིས་མི་ཁྱབ་པའི་དངོས་པོ་རྙིང་མ་རིན་བྲལ་སྲིད་ན་དཀོན་པ་རྣམས་གོ་རིམ་མ་འཛོལ་བ་འཕྱར་འཁྱེར་མུ་ཏིག་བསྟར་ལ་བརྒྱུས་པ་ཇི་བཞིན་དལ་བྲེལ་སྙོམས་ཤིང་། ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་སྒོ་འཕྱོར་མདུན་མཆོད་འབུལ་དང་། དེ་ནས་བར་སྐོར་བྱང་ཆུབ་འབྱོན་ལམ་བརྒྱུད་གཡས་བསྐོར་གྱིས་ཀླུ་སྦུག་རྒྱལ་སྒོ། གཡུ་ཐོག་ཟམ་པ། ཞོལ་རྡོ་རིང་སྒང་དུ་སེར་སྦྲེངས་དང་པོ་ཕེབས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དམར་པོའི་གཟིམ་ཆུང་ས་གསུམ་དུ་ཞབས་སོར་འཁོད། རྩེ་ཕོ་བྲང་སྐུ་མདུན་དུ་གོས་སྐུའི་ཞལ་ཐང་ཆེན་མོ་དཔང་ལ་ཕི་ཀྲི་ ༢༥༠ ཙམ་ཡོད་པ་དེ་དག་གློད་དེ་ཞལ་དབྱེ་ཕེབས་བརྡ་མདའ་མ་དང་བསྟུན་སེར་སྦྲེངས་དང་། བལྟ་རྟོག་པ། མཆོད་རྫས་དོ་དམ་ངོ་ལས། འབྲས་ཚོགས་ཆེན་དགེ་བསྐོས། ཞང་པོ་ཤིང་གཉེར། ཆབ་དམ་པ། དགེ་གཡོག ཐབ་གཡོག་སོགས་ལས་བྱ་རྣམས་གཟབ་འཕྱོར་གྱིས་གྲལ་བསྟར་དལ་བུས་པོ་ཏ་ལ་ཞོལ་གྱི་གཞུང་སྒོ་བརྒྱུད་ནས་བཅར་བསྐྱོད་དང་འབྲེལ་ནས། ཁང་སྟེང་གོས་སྐུ་རིན་པོ་ཆེའི་སྐུ་མདུན་དུ་མཆོད་འབུལ་ལ་ཕེབས། དེའི་སྐབས་དགེ་སློང་ཚོ་ཁག་ཅིག་ནས་ཞལ་འདོན་ཚོགས་ཞིང་སྤྱན་འདྲེན་གྱིས་ཁྲུས་གསོལ་ཞུ་བ་དང་། བཀའ་ཤག་གདན་གཉེར་དང་། གུར་པས་དབུ་གུར་སྔོན་སྒྲོན་སར་བཀའ་ཤག་དང་། ལས་དཀྱུས་ཡན་ཞལ་མཇལ་དུ་ཕེབས་ཏེ་སོ་སོའི་གདན་ཐོབ་གྲལ་ལ་འཁོད། གསོལ་ཇ༑བཞེས་འབྲས་སོགས་རིམ་ཕེབས་ཐོག་སེར་སྦྲེངས་རྣམས་མཆོད་པའི་བྱེ་བྲག་སྤྲོ་ཕྱིར་རྒྱུད་སྡེ་བཞི་ནས་བསྟན་པའི་མཆོད་གར་མ་ཚང་བ་མེད་པ་ཚང་མ་འདོན་དབྱངས་དང་བཅས་ཏེ་འཁྲབ་པ་དང་། རྔ་རོལ། དུང་རྒྱ། སྦུབ་དཀྲོལ་གནང་བཞིན་རིམ་བསྐྱོད་ཀྱིས་དཀྱིལ་གདུགས་དཀར་པོའི་མཚམས་གནས་ཆུང་ཆོས་རྒྱལ་ཆེན་པོ་སྤྱན་འདྲེན་སྐུ་ཕེབས་ཀྱིས་སྤྱི་ནོར་༸གོང་ས་ཆེན་པོ་མཆོག་དང་། གོས་སྐུར་ཕྱག་འཚལ་པད་འབུལ་དང་འབྲེལ་གོས་སྐུར་སྙན་ཤལ་འབུལ་གནང་གིས་ཞབས་སྟེགས་ཐོག་འཁོད་འཕྲལ་བ་གླང་རྫི་བོ་ནས་འོ་ཕུད་བཏེགས་པ་དང་། གནས་ཆུང་ཆོས་རྒྱལ་ཆེན་པོས་ཕྱག་མདུད་དང་། མཇལ་དར་སྩལ། སྐུ་ངང་བཞུགས་རིང་བླ་ཕྱག་ནས་ཞལ་ཇ་གསེར་ཕུད་དང་རྩེའི་སྒྲོན་དར་མགྲོན་བརྒྱུད་ཀྱིས་སྩལ། བཀའ་དྲུང་བགྲེས་པས་བཀའ་ཤག་གི་ལུང་ཞུ་༸སྙན་སྒྲོན་ལ་བཀའ་ལུང་དང་། མུ་མཐུད་བཀའ་ཤག་དང་། ཛ་ཐའི། ཕོགས་མདའ། རྩིས་སྲས། ལས་ཚན། ལས་དཀྱུས། འབྲས་ཚོགས་ཆེན་དགེ་བསྐོས་ངོ་ལས་སོགས་ནས་སྒྲོན་དར་ཕུལ། ཆོས་སྐྱོང་ནས་གླང་པོ་ཆེར་ཞལ་ཏོག་དང་། ལེགས་དར་སྩལ། གླང་ཆེན་གྱིས་གུས་བཏུད་ཞུས་ཏེ་ཕྱིར་ཕེབས་སྐབས་གར་ཕྲུག་པ་རྣམས་ནས་མཇལ་ཁ་ཞུས་ཏེ་གར་ཕྲུག་པར་ཆོས་སྐྱོང་ནས་གནང་ཆ་སྩལ། སྐུ་བསངས། སེར་ཕྲེང་རྣམས་གྲལ་བསྟར་རིམ་ཕེབས་ཀྱིས་རྩེ་ཕོ་བྲང་སྐུ་རྒྱབ་ཀླུ་ཁང་དུ་མཇུག་སྒྲིལ་མཚམས་གོས་སྐུ་གསེར་ཐང་ཆེན་མོར་དགེ་སློང་གི་དགེ་འདུན་རྣམས་ནས་རབ་གནས་ཤིས་བརྗོད་ཟིན་འཕྲལ་གོས་སྐུ་བསྒྲིལ་བསྡུ་ཞུ། མཆོད་རྫས་ངོ་ལས་རྣམས་དང་། སེར་ཕྲེང་གདན་མི་རྣམས་ཀྱང་རྫོང་རྒྱབ་གླིང་ཀའི་ནང་དུ་སྐུ་ངལ་ཆུ་ཚོད་གཉིས་ཙམ་རིང་མཛད་སྐབས་སོ་སོའི་གཟིམ་ཁང་ནས་གསོལ་ཚིགས་གང་རྒྱས་འབུལ་ཕེབས་མཆོད་བཞེས་ཀྱིས་ལྷོད་བཞུགས་གནང་། དེ་ནས་མཆོད་རྫས་དོ་དམ་པའི་བརྡ་དང་བསྟུན་སྔར་ལྟར་གྲལ་བསྟར་གྱིས་གླིང་སྐོར་ལམ་བརྒྱུད་ར་ཆེ་གཙུག་ལག་ཁང་དུ་མཆོད་འབུལ་དང་འབྲེལ་རྗེ་འབུམ་སྒང་། ཕུར་ལྕོག་བླ་བྲང་། ཤ་གསར་སྒང། ཇོ་བོའི་དབུ་སྐྲ་བཅས་བརྒྱུད་ཁྱམས་རའི་ནང་ཕྱག་དར་དང་པོ་ནས་བཟུང་གྲལ་བསྟར་གྱིས་ཕྱིར་ལོག་སྐབས་མཆོད་རྫས་དྲུང་ཡིག་ནས་གཞུང་ཁྲ་ནང་གསལ་ཞིབ་བཤེར་ཟབ་ནན་གྱིས་དེ་འཕྲལ་རྩིས་ལེན་བྱས་ཏེ་ཁུངས་སོ་སོའི་མཆོད་འཁྱེར་ཕྱིར་སློག་གཏོང་བ་བཅས་སེར་སྦྲེངས་ཆེན་མོའི་མཛད་སྒོ་ཐོག་མཐའ་བར་གསུམ་ལེགས་པར་གྲུབ་ཉིད་དགོང་ཇ་ཚོགས་ཏེ་བླ་ཕྱག་ནས་དགེ་འདུན་ལ་ལེགས་དར་རེ་དང། སྐུ་འགྱེད་ཊམ་དཀར་རེ་ཕུལ་ཏེ་ཚོགས་མཆོད་ཆེན་མོ་ལེགས་པར་གྲོལ་ཟིན་པ་རེད།
༄༅། །ལོ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ཟླ་བཞི་པའི་ནང་ཚེས་ཆ་བཟང་བ་ཞིག་ལ་ནོར་གླིང་བསྐལ་བཟང་ཕོ་བྲང་དུ་སྔར་སྲོལ་དབྱར་གྱི་རྒྱལ་མོའི་བཞིན་རས་ངོམ་པའི་དབྱར་དུས་རིང་བཞུགས་འཇགས་བཀྲིན་ཆེ་རྒྱུའི་མར་ཕེབས་ཆིབས་བསྒྱུར་ཆེན་མོའི་མཛད་རིམ། སྔ་དྲོ་རྩེ་ཕོ་བྲང་ནས་འཛོམས་བརྡ་མདའ་མ་བཏང་མཚམས་ཆིབས་ཞབས་གུང་བཀའ་བློན་ནས་དྲུང་གཏོགས་ཡན་གྱི་གཏན་བཞུགས་དྲུང་རིགས་སེར་སྐྱ་ཡོངས་རྫོགས་དང་། གདན་གསུམ་བླ་སྤྲུལ་ཆེ་ཁག་དང་འབྲིང་ཁག་ཡོངས་རྫོགས། དེ་བཞིན་མཁན་པོ་ལས་སྣེ། ཧར་གདོང་དང་། བསམ་བློའི་ཁང་ཚན་དགེ་རྒན་སོགས་རང་རང་གོ་བབ་གྱོན་ཆས། ལས་ཞྭ་ལས་གོས་གཟབ་འཕྱོར་ལྡན་པ་དང་བཅས་ཆིབས་ཞབས་སུ་བཅར་བའི་སྐབས་ཕེབས་གདོང་རྟ་དར་གྲངས་མང་པོ་དང་། ལག་སྟོད་པ་ནས་རྟ་ཐོག་སྲིད་པ་འཁོར་ལོ། གཟིམ་དྲེལ་ཞལ་ངོ་། ལག་དོ་བཅས་ནས་གཟབ་འཕྱོར་གྱིས་སྔར་གྱི་སྐུའི་ཉེར་ཆས་གདན་ཞུའི་གཟིམ་སྒམ་གསེར་དངུལ་ལྟིར་ཚག་ཕྲ་ལྡན་གྱི་ཤན་བཅད་ཡོད་པའི་གཟིམ་དོས་གྲངས་མང། སྐུའི་གཟིམ་འབོག་གདན་ཞུའི་ཆིབས་ཆེན་ཏི་པི་ཅག་སྤུ་ཆ་འགྲིགས་པ་རྣམས་ལ་གསེར་སྒ་ལྕགས་དཀྲོལ་གོང་དོམ་སོགས་ཆ་ཚང་སྔར་གྱི་གསེར་ཚག་རྙིང་མ་ཕྲ་ལྡན་ཞེ་ཅིག་རྒྱབ་པའི་ཐོག་སྐུའི་གཟིམ་འབོག་དང་། གཟིམ་ཁེབས་ཧོར་གོས་སྟག་ཤུན་དང་། ཧོར་སྤུ་མ་འཛར་ལྡན། གཟིམ་སྡེམ་གསེར་ཚག་ཕྲ་ལྡན་གྱི་ཐ་ཐོ་ར། དེ་བཞིན་ལྗགས་ས་གསེར་ཐམ་ཡོད་པའི་གཟིམ་སྒམ་སོགས་ཤོད་དྲུང་ཞབས་གསར་བ་ནས་ཆིབས་ཏེ་བར་རྒྱབ་ཁུར་གདན་ཞུས་ཀྱིས་དེ་ནས་ཆིབས་ཐོག་གདན་ཞུས་ཀྱིས་ཆིབས་འཁྲིད་ཞུས། རྟ་ལམ་སྒོར་མོ་ནས་ཆིབས་ཧྲག་གྲལ་ཐོ་ནང་གསལ་ལྟར་གདན་གསུམ་བླ་ལས་དང་། རྩེ་སྐོར་གཞུང་ཞབས་རྣམས་ཕེབས་གདོང་དུ་བསྟར་བསྒྲིགས་ཀྱིས་བཅར། ༸གོང་ས་༸སྐྱབས་མགོན་ཆེན་པོ་ཕེབས་བྱམས་ཆེན་མོར་ཆིབས་བསྒྱུར་སྐབས་ཕེབས་བྱམས་འགོ་པ་དང་། ཕེབས་བྱམས་གདན་ཞུ་བ། ཕེབས་གདོང་བྱམས་འཐེན་པ་དམག་སྒར་ཁག་གི་ཞལ་ངོ་། སྐུ འི་ཉེ་འཁྲིས་སུ་༸རྒྱལ་བའི་ཡོངས་འཛིན་རྣམ་གཉིས་དང་། སྲིད་བློན། ༸རྒྱལ་བའི་ཡབ་ཡུམ། ཕེབས་མཇུག་ཏུ་བཀའ་བློན་རྣམ་པས་མཚོན་ཤོད་སྐོར་གཞུང་ཞབས་ཡོངས་རྫོགས་བཅས་བསྟར་བསྒྲིགས་དང་། ཆིབས་རགས་ཀྱི་གཡས་གཡོན་དུ་རྩེ་མཁན་མགྲོན་ཆེ་བ་དང་། རྩེ་མགྲོན། རྩེ་གཟིམ་འགག་སོགས་ནས་ཆིབས་རགས་ལ་བལྟ་རྟོག་གིས་བཀོད་བྱུས། ཀུ་ཤུ་གླིང་གའི་ཟུར་ནས་བཀའ་ཤོད་གཉིས་ཀྱིས་ཆིབས་རགས་གྲལ་ཐོ་སྐད་གསང་མཐོན་པོས་ཀློག ཕེབས་ལམ་གཡས་གཡོན་དུ་གླིང་ཕན་ཚུན་གྱི་དགེ་འདུན་རྣམས་ནས་སེར་ཕྲེང་ཚར་དུ་དངར་བ། བྲོ་པ་གཞས་མང་གི་སྡེ་ཁག དཔའ་བོ། དཔའ་མོ། སྣང་རྩེ། བཀྲིས་ཞོལ་པ་བཅས་ནས་གུས་བཏུད་ཀྱིས་བསྟར་བསྒྲིགས་ཐོག་གླུ་དབྱངས་ལེན། སྲུ ང་སྐྱོབ་དམག་སྒར་ཁག་གི་འགོ་དམག་རྣམས་ཕེབས་ལམ་བསྟར་བསྒྲིགས། དམག་སྤྱི་དང་མདའ་དཔོན་སོ་སོའི་བརྡ་བསྟུན་གུས་བཏུད་ཞུས། མི་མང་གྲངས་ལས་འདས་པ་གཟབ་འཕྱོར་གྱི་ཞལ་མཇལ་དང་འབྲེལ་སྤོས་བསངས་ཀྱི་དུད་པས་ལྷ་ལམ་དཀྲིགས། ཕེབས་ལམ་དུ་གད་བདར་གཙང་མའི་སྟེང་གཡས་གཡོན་དུ་རྡོ་དཀར་གྱི་བསྟར་ཕྲེང་དང་ས་དཀར་དམར་སེར་གསུམ་གྱི་ཐིག་དང་། དབུས་སུ་གཡུང་ལག་དང་། རྟགས་བརྒྱད་སོགས་བཀྲིས་རི་མོས་ཕྱུག་པར་བྱས་པའི་ཐོག་སྤྱི་ནོར་༸གོང་ས་ཆེན་པོ་མཆོག་སྐུ་འཁོར་དང་བཅས་ནོར་གླིང་བསྐལ་བཟང་ཕོ་བྲང་དུ་ཞབས་སོར་བདེ་འཁོད་ཀྱིས་ཉི་འོད་དུ་དྲུང་བཞེས་ཐོག་ཕེབས་སྟོན་དཀར་སྤྲོ་དང་འབྲེལ་བའི་ཚང་མར་མཇལ་ཁ་བསྩལ་ཏེ་མཛད་སྒོ་གྲོལ། ནོར་གླིང་ཕོ་བྲང་གི་ཕྱི་རོལ་དུ་གླུ་གར་བ་ཚང་མས་གཞས་ཕུད་གཟིགས་འབུལ་ཞུས་ཏེ་རང་ཁུངས་སོ་སོར་ཕྱིར་ལོག་འགྲོ་བ་བཅས་དེ་ཉིན་ཆིབས་བསྒྱུར་གྱི་མཛད་སྒོ་གྲོལ་བ་རེད།
༄༅། །བོད་ཟླ་ ༥ ཚེས་ ༥ ཉིན་(རྗེས་སོར་ཕྱི་ཟླ་ ༸ ཚེས་ ༦ ལ་གཏན་འབེབས་མཛད་)སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་འཁེལ་བའི་མཛད་ཆེན་ལ་རྩེ་ཕོ་བྲང་དང་། ནོར་གླིང་ཕོ་བྲང་ཡང་སྟེང་སོ་སོར་མཛོད་ཆུང་ནས་གྲ་བསྒྲིགས་ཞུས་པ་ལྟར་བརྒྱགས་བརྔན་ལྷ་བསང་དང་། འཁྲུངས་ལྷའི་གསོལ་མཆོད། སྐུ་ཁམས་དང་མཐུན་པའི་དབུ་ལྕོག་གསར་དུ་སྒྲོན་འཛུགས་ཞུས། ཡབ་གཞིས་སྐུ་ངོ་རྣམས་ནས་སྔ་དྲོ་གཟིམ་ཆུང་དུ་ནང་མའི་རྟེན་གསུམ་མཇལ་དར་ཕུལ། དྲུང་བཞེས་ཚུགས། གསོལ་ཇ། བཞེས་འབྲས་ཕེབས། བཀའ་ཤག་དང་། རྩེ་མགྲོན་ཡན་ནས་རྒྱུན་ཆས་ཁ་གསར་ཐོག་རྩེ་ཕོ་བྲང་དུ་གཟིམ་ཆུང་དགའ་ལྡན་ཡང་རྩེ་དང་། ནོར་གླིང་དུ་བཞུགས་སྐབས་མཚོ་དཀྱིལ་ཕོ་བྲང་ལྷུན་གྲུབ་དགའ་ཚལ་དུ་བཞུགས་ཁྲི་བདེ་སྟན་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་བཞུགས་འཁོད་ཀྱིས་སྐུའི་ཡོངས་འཛིན་རྣམ་གཉིས་ནས་སྐུའི་ཚེ་རྫས་འབུལ་གནང་གིས་དབུ་གཏུགས་མཛད། ཕྱག་སྲུང་གནང་། མཛོད་ཆུང་ནས་ཡོངས་འཛིན་རྣམ་གཉིས་ལ་མགུལ་དར་དང་། རྩེ་ཕྱག་ནས་ནམ་རྒྱུ་སྤུ་ཕྲུག་བཅས་འབུལ་གནང་མཛད་དེ་བཞུགས་ཞབས་འཁོད། བཀའ་བློན་རྣམ་པས་མཚོན་ནང་མ་ཡན་རྒྱུན་ཆས་ཁ་གསར་ཐོག་ནས་གོ་བབ་ཀྱི་མཇལ་དར་དཀར་གཙང་རེ་ཕུལ་ཏེ་མཇལ་ཁ་ཞུས། ཕྱག་སྲུང་སྩལ་ཏེ་མཚོ་དཀྱིལ་ཕོ་བྲང་ལ་ཞབས་བསྐོར་དང་འབྲེལ་ཉི་འོད་དུ་ཕེབས། ཕེབས་སྒོ་བཞེས་སྤྲོ་དང་། གསོལ་ཇ་གཉིས་པ་ཕེབས་ཏེ་དྲུང་བཞེས་གྲོལ། ཡབ་གཞིས་སྐུ་འཁོར་རྣམས་ནས་ནོར་གླིང་མགོན་པོ་ཁང་དུ་གནས་གཟིགས་བསྐང་འཕར་འཕྲིན་བཅོལ་དང་འབྲེལ་ནོར་གླིང་ནས་ཆིབས་ཧྲག་དང་བཅས་རྒྱལ་ས་ལྷ་སའི་ཤར་ཕྱོགས་འགྱངས་ཐག་མལ་ལེ་གཉིས་ཙམ་ཡོད་པའི་འཁྲུངས་ལྷ་ཞེས་པའི་མགོན་ཁང་དང་། མཐའ་སྐོར་གླིང་ག་ཡོད་ས་དེར་ཕེབས་ཏེ་འཁྲུངས་ལྷའི་གསོལ་མཆོད་རྒྱས་ཚུགས་ཡོད་པ་བཞིན། དབུ་ལྕོག་གསར་སྒྲོན་དང་འབྲེལ་ལྷ་རྟེན་རྣམས་ལ་༸གོང་ས་མཆོག་གི་ཐུགས་སྨོན་སྙན་དར་དང་། ༸རྒྱལ་བའི་ཡབ་ཡུམ་སྐུ་འཁོར་རྣམས་ལ་གཞུང་གནས་ཀྱི་གསོལ་ཚིགས་གཟབ་རྒྱས་ཉིན་གཉིས་ཕུལ། ཡབ་གཞིས་སྐུ་ངོ་རྣམ་པས་གཞུང་ཞབས་སེར་སྐྱ་ལས་ཚན་ཡན་ལ་གསོལ་མགྲོན་ཉིན་གཉིས་སྩལ་སྐབས་སྐུ་མགྲོན་རྣམས་ནས་འབྱོར་འཕྲལ་༸རྒྱལ་བའི་ཡབ་ཡུམ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་མཇལ་དར་དཀར་གཙང་རེ་དང་འཁྲུངས་ལྷའི་ལྷ་རྟེན་རྣམས་ལ་༸སྙན་དར་འཕྲིན་བཅོལ་ཞུ་སྲོལ། དེ་ཉིན་འཁྲུངས་སྐར་མཛད་ཆེན་ལ་ལྷ་ཞོལ་ཁུལ་གཏན་སྡོད་སོགས་མི་མང་སེར་སྐྱ་ཚང་མས་དགའ་གུས་སྤྲོ་གསུམ་སྒོ་ནས་རང་རང་གོས་རྒྱན་གཟབ་མཆོར་ཐོག་དཔལ་ལྷ་ཞི་དྲག་དང་། རྨེ་རྙིང་དཔེ་ཧར་ལྕོག་སོགས་མགོན་ལྕོག་ཁག་ལ་བསངས་གསོལ་འཕྲིན་སྐྱེམས་སྙན་ཤལ་སོགས་འབུལ་བར་འཚངས་ཀ་ཤིག་ཤིག་བཅར་བ་དང་། སྐྱིད་ཆུའི་འགྲམ་དུ་ཆུ་བསངས་གཏོང་བ་དང། དབུ་ལྕོག་སྒྲོན་འཛུགས་སོགས་རྒྱ་ཆེ་ཞུ་གི་རེད།
༄༅། །བོད་ཟླ་ ༥ ཚེས་ ༡༥ ཉིན་རྒྱལ་ས་ལྷ་སར་འཛམ་གླིང་སྤྱི་བསང་ཞེས་གཏོང་སྲོལ་ཡོད། དེ་ནི་ཟླ་བ་ལྔ་པ་སྤྲེལ་ཟླ་འདིར་གུ་རུ་མཚོ་སྐྱེས་རྡོ་རྗེས་བོད་ཀྱི་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་པའི་དུས་མཆོད་ཐུན་མོང་མ་ཡིན་པའི་ཟླ་བ་ཞིག་ཡིན་ཅིང་། དེར་བརྟེན་ཟླ་བ་འདིའི་ཚེས་ ༡༥ གོང་ཡར་ངོའི་དབྱར་གསོལ་ཞེས་ཚེས་ཆ་བཟང་བ་ཞིག་ལ་གཞུང་གནས་ནས་གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོ་དང་། དགའ་གདོང་ཤིང་བྱ་ཅན་སོགས་གཞུང་བསྟེན་བསྟན་སྲུང་རྣམས་ལ་གཟབ་གསོལ་ལྷ་ཚེས་རྒྱས་པ་དང་འབྲེལ་རྩེའི་སྐུ་ཚབ་མཁན་ཆེ་དང་། ཡིག་ཚང་ནས་སྦུག་དམ་ལུང་ཞུ། སྒྲོན་དར། བཀའ་ཤག་དང་། ཤོད་སྐོར་ཡོངས་རྫོགས་ལྷ་ཚེས་ལ་ཕེབས་ཏེ་ཆོས་སྐྱོང་ཆེན་པོར་སྒྲོན་དར་སྣ་ལྔ་དང་། ཞལ་ཇ་གསེར་ཕུད་སོགས་འབུལ་གནང་གིས་རྒྱལ་བསྟན་ཆབ་སྲིད་སྐོར་བཀའ་ལུང་སྩལ་ཏེ་གཞུང་ཞབས་རྣམས་ཕྱིར་ལོག ༸གོང་ས་མཆོག་ནོར་གླིང་དུ་དབྱར་གྱི་རྒྱལ་མོའི་ནམ་ཟླའི་སྤྲོ་བཞེས་སུ་ཕེབས་པས་ཕེབས་སྟོན་ནམ། དབྱར་གསོལ་རྗེས་འབྲེལ་དགའ་སྟོན་གྱི་སླད་རྩེ་གཟིམ་ཆུང་འགག་ཏུ་གཞུང་ཞབས་ཡོངས་རྫོགས་ལ་ཕེབས་སྟོན་ཆབ་ཞུགས་ཉིན་གསུམ་དང་ལས་ཁུངས་སོ་སོ་ནས་རང་ཁོངས་ངོ་ལས་ཚང་མར་སྤྲོ་ཆུང་ཉིན་གསུམ་རེ་བཅས་གཏོང་སྐབས་རྩེ་ཤོད་ཁྱད་མེད་ཀྱི་འབྲེལ་ཡོད་གཞུང་ཞབས་མགྲོན་འབོད་ཞུ་སྲོལ། ཚེས་ ༡༥ ཉིན་སྔ་དྲོ་གཞུང་བསྟེན་དགྲ་ལྷའི་གཙོ་བོ་འོད་ལྡན་དཀར་པོའི་བཀའ་འཁྲོལ་ཐོབ་པའི་ལྷ་ཁུལ་སོགས་ཀྱི་ཆོས་སྐྱོང་སྐུ་ཕེབས་གནང་རྒྱུ་ཡོད་རིགས་ཚང་མ་རང་ཁུངས་ལྷ་མི་ལྷ་བདག་ནས་ལྷ་ཚེས་གཟབ་གསོལ་སྤྱན་འདྲེན་གྱིས་སྒྲོན་དར་དང་། ཞལ་ཇ། ཆང་ཕུད་བཏེགས་པ་སོགས་གྲ་རྒྱས་བྱེད་ཅིང་། དེ་དག་གི་རྗེས་འབྲེལ་དགའ་སྟོན་རྩ་བར་མི་མང་ཡོངས་རྫོགས་ནས་དཔལ་ལྷ་ལྕོག་སོགས་སྤྱི་སྒེར་ལྷ་སྲུང་གི་ལྕོག་མཁར་དང་། གཙང་པོའི་ཆུ་ཁད་བཅས་ལ་བསངས་གསོལ་གཟབ་རྒྱས་དང་འབྲེལ་ལྷ་སའི་གཡས་གཡོན་གླིང་ག་ཁག་ལ་སྤྲོ་སྐྱིད་ཉིན་ལྔ་དྲུག་གཏོང་སྲོལ་ཡོད་པ་རེད།།
༄༅། །བོད་ཟླ་ ༦ ཚེས་ ༢༩ ཉིན་ཞོ་སྟོན་སྒོ་དབྱེའི་གཟིགས་ཕུད་ཡིན། ཞོ་སྟོན་ཞེས་པ་ནི་སྟོན་པ་ཐུབ་པའི་དབང་པོའི་བསྟན་པ་རིན་པོ་ཆེ་དེ་འཛིན་དང་བཅས་པའི་མངའ་བདག་༸གོང་ས་༸སྐྱབས་མགོན་ཆེན་པོས་དབུས་གདན་གསུམ་དང་། གླིང་ཕན་ཚུན་ཚང་མའི་མཁན་པོ་བླ་སྤྲུལ་གྱིས་མཚོན་དགེ་འདུན་གྱི་འདུས་སྡེ་རྣམས་དབྱར་གནས་ཞལ་བཞེས་ཀྱི་སྐབས་སུ་བདུད་དགའ་རབ་དབང་ཕྱུག་གིས་བསྟན་པ་ལ་བར་ཆད་མི་འབྱུང་བའི་ཆེད་བདུད་སྡེར་གཏོགས་དང་བཅས་པ་སྤྲོ་བ་བསྐྱེད་པའི་སླད་འདོད་ཆོས་དང་མཐུན་པར་དབྱར་ཞལ་བཞེས་ཀྱི་དཀྱིལ་དུ་འཕགས་པའི་ཆོས་དང་མི་མཐུན་པའི་རྣམ་པ་མངོན་གསལ་ཅན་ཞིག་སྟོན་དགོས་པ་སོགས་དགོས་པ་དུ་མ་ཞིག་ཡོད་འདུག་པ་ལྟར་གོང་ཚེས་ཀྱི་སྔ་དྲོ་ལྷ་མོ་བ་འབག་དཀར་པོ་འཕྱོང་རྒྱས་སྤུན་བདུན་པ་དང་། ཡར་ལུང་བཀྲིས་ཞོལ་པ། སྙེ་མོ་བ། སྣང་རྩེ་བ་རྣམས་ཀྱིས་སྣེ་དྲངས་ལྷ་མོ་རྔོན་པ་བ་རྒྱལ་མཁར་ཆོས་རྫོང་དང་། ཤངས་རི་བོ་ཆེ་པ། གཅུང་རི་བོ་ཆེ་པ། སྐྱོར་མོ་ལུང་པ། ཤེ་རོང་འབྲོང་རྩེད། བྲོ་པ་སོགས་ནས་དང་པོར་རྩེ་ཕོ་བྲ་དང་། དེ་ནས་ནོར་གླིང་། དགོང་དྲོ་འབྲས་སྤུངས་ཕོ་བྲང་བཅས་པར་ལྷ་མོའི་གླུ་གར་གྱི་གཟིགས་ཕུད་ཕུལ། །