༄༅། །ས་ཆེན་སློབ་གྲྭ་ནི། ༸སྐྱབས་རྗེ་ས་སྐྱ་གོང་མ་ཁྲི་འཛིན་༤༡པ་མཆོག་གིས་སྡེ་ར་ལྡུན་བདེ་སྐྱིད་གླིང་བོད་མིའི་གཞིས་ཁོངས་སུ་ཕྱི་ལོ་༢༠༡༥ལོར་འཛུགས་སྐྲུན་དབུ་བཙུགས་ཏེ།ཕྱི་ལོ་༢༠༡༧ལོ་འགོར་ལེགས་གྲུབ་ཟིན།ས་སྐྱ་མཐོ་སློབ་གྱི་ཡན་ལག་ལྟ་བུ་གཞི་རིམ་སློབ་གྲྭ་སྟེ།ལོ་ཆུང་ཚོར་གནའ་དེང་གི་ཤེས་ཡོན་གྱི་རྨང་གཞི་འདིང་ས་གལ་ཆེན་ཞིག་ལ་དམིགས་ཏེ་བཙུགས་པ་ཞིག་ཡིན། གཙོ་བོ་ནང་བསྟན་མཐོ་སློབ་ཁག་དང་ཐད་ཀར་འབྲེལ་བའི་སྔོན་འགྲོའི་སློབ་གྲྭ་ཞིག་ཡིན་པས། སློབ་ཕྲུག་ལོ་ཆུང་ཚོ་དགེ་འདུན་པ་ཤ་སྟག་ཡིན།ཐོག་མར་འགོ་འཛུགས་སྐབས་སུ་སློབ་ཕྲུག་༥༠ཙམ་ཡོད།ལས་བྱེད་སློབ་སྤྱི་དང་།དྲུང་ཡིགདགེ་རྒན།སྨན་ཞབས། གཉེར་པ།མ་མ།མ་བྱན་བཅས་འཐུས་སྒོ་ཚང་བ་ཡོད། སློབ་ཚན་ཁོངས་སུ་བོད་ཀྱི་སྐད་ཡིག་དང་།ཨིན་ཇི། རྒྱ་ཡིགཧིནྡཱི།ཨང་རྩིས།རྒྱལ་རབས་ཆོས་འབྱུང་། ཆོ་ག་ཕྱག་ལེན་བཅས་ཡོད་ཅིང་།འཛིན་གྲྭ་དགུ་པའི་ཤེས་ཚད་དང་མཚུངས་པ་བྱུང་མཚམས་ས་སྐྱ་མཐོ་སློབ་གཙོ་བོར་བྱས་པའི་ནང་བསྟན་མཐོ་སློབ་ཁག་གང་རུང་ལ་འཛུལ་ཞུགས་ཀྱིས་ནང་དོན་རིག་པར་མཐར་ཕྱིན་པ་སྦྱང་རྒྱུའི་གོ་སྐབས་དང་དམིགས་ཡུལ་ཡོད་པ་ཞིག་ཡིན། སློབ་མའི་ལོ་ཚད་ལོ་ལྔ་ནས་བཅོ་ལྔ་བར་ཡིན་ཞིང་སློབ་ཕྲུག་གྲངས་མང་མཐར་༡༥༠ཙམ་སྡོད་སའི་ཁོར་ཡུག་ཡོད་པ་དང་། སློབ་ཡོན་དང་འཚོ་བ་རིན་མེད་ཐོག་འབུལ་བཞིན་ཡོད། དེང་སྐབས་སློབ་ཕྲུག་དགེ་འདུན་པ་ལོ་ཆུང་གྲངས་༡༠༠ལྷག་དང་། ད་ལྟ་འཛིན་གྲྭ་དྲུག་པ་བར་སླེབས་ཡོད།། །།
,
Uttarakhand,
༄༅། །དཔལ་ས་སྐྱ་མ་དགོན་བཤད་གྲྭ་ཐུབ་བསྟན་རྣམ་རྒྱལ་གླིང་ནི། ༸སྐྱབས་མགོན་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་ལུང་རྟོགས་ཀྱི་བསྟན་པ་སྤྱི་དང་།དཔལ་ལྡན་ས་སྐྱ་པའི་ཐུན་མིན་གྱི་ཆོ་ག་ཕྱག་ལེན། མདོ་རྒྱུད་བསྟན་བཅོས་འགྲེལ་པ་དང་བཅས་པ་ལ་སྔོན་བྱོན་མཁས་པ་གཅིག་ནས་གཅིག་ཏུ་བརྒྱུད་པའི་བཤད་སྲོལ་བཟང་པོ་དག་མི་ཉམས་ཡུན་གནས་དང་ཉམས་པ་སོར་ཆུད་དུ་དགོངས་ནས་ཕྱི་ལོ་༡༩༨༡ལོར་སྡེ་ར་ལྡུན་ཁུལ་གྱི་སྤུར་ཝ་ལར་ཕྱག་བཏབ། གཙུག་ལག་ཁང་གི་ནང་རྟེན་གཙོ་བོ་ཐུབ་དབང་གི་སྐུ་བརྙན་གསེར་ཟངས་ལས་གྲུབ་པར་༸སྐྱབས་མཆོག་རྡོ་རྗེ་འཆང་དང་༸སྐྱབས་རྗེ་ཀླུ་ལྡིང་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་གཟུངས་སྒྲུབ་གནད་སྨིན་གནང་ཞིང་། ཕྱི་ལོ་༡༩༨༢ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རིང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བཀའ་དྲིན་ཆིབས་བསྒྱུར་བསྐྱངས་ནས་བདུན་གཅིག་གི་རིང་བཞུགས་ཞག་མཛད་དེ།དད་ལྡན་སེར་སྐྱ་བརྒྱ་ཕྲག་མང་པོའི་ཁམས་དང་མོས་པ་ཇི་ལྟ་བ་བཞིན་དམ་པའི་ཆོས་ཀྱིས་ཚིམ་པར་མཛད།ལྷག་པར་དུ་མ་དགོན་འདིའི་རྟེན་དང་བརྟེན་པ། དེ་བཞིན་ས་སྐྱའི་གཞིས་ཆགས་ལེགས་ཚུགས་ཐུབ་པར་ལེགས་སོས་དབུགས་དབྱུང་མཛད། བོད་ཀྱི་སྔར་བཤད་གྲྭ་ཆེན་པོ་རྣམས་ཀྱི་ལམ་སྲོལ་ལྟར་ཚད་མ་དང་ཕར་ཕྱིན། དབུ་མ་དང་འདུལ་བ། མངོན་པ་བཅས་ཀྱི་གཞུང་གྲགས་ཆེན་བཅོ་བརྒྱད་དུ་གྲགས་པ་དེ་དག་རྩ་བའི་སློབ་ཚན་དང་། དེ་བཞིན་བོད་ཀྱི་བརྡ་དག་སྙན་གསུམ་དང་།རྒྱལ་རབས་ལོ་རྒྱུས། གཞན་ཡང་ཨིན་ཡིག་སོགས་དེང་དུས་ཀྱི་ཤེས་ཡོན་དང་འབྲེལ་བའི་བྱེད་སྒོ་ཁག་གི་རྒྱུན་མ་ཉམས་པར། མཁན་པོ་རིན་ཆེན་མཆོག་དང་།མཁན་པོ་རྒྱ་མཚོ་མཆོགམཁན་པོ་འཇམ་དབྱངས་ཤེས་རབ་མཆོག་སོགས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་སློབ་མ་རྣམས་བསྐྱངས་ཤིང་རྒྱུད་ལེགས་པ་སྨིན་པར་མཛད། ཕྱི་ལོ་༡༩༨༡ནས་༢༠༠༥བར་བཀའ་བཅུ་པ་གྲངས་༦༨དང་།སློབ་དཔོན་གྲངས་༣༣བཅས་བསླབ་པ་མཐར་སོན་བྱུང་བ་དེ་དག་གིས་རྒྱ་བལ་བོད་བཅས་ཀྱི་དགོན་ཁག་ནང་ཕྱག་ལས་གནང་བཞིན་ཡོད་པ་མ་ཟད། དེང་སྐབས་བོད་རིགས་དང་ལ་དྭགས་པ། སོག་པོ་དང་འབྲུག་པ། བལ་པོ་དང་གློ་པ་བཅས་ནས་དགེ་འདུན་པ་ཞལ་གྲངས་༦༢ཙམ་བཞུགས་པའོ།། །།
,
Himachal Pradesh,
༄༅། །བརྩེ་ཆེན་བསྟན་པའི་དགའ་ཚལ་བཤད་སྒྲུབ་ཆོས་འཁོར་གླིང་ནི། འཁོན་སྟོན་དཀོན་མཆོག་རྒྱལ་པོས་ཕྱི་ལོ་༡༠༧༣ལོར་བོད་གཙང་ཕྱོགས་ས་སྐྱ་རྫོང་ཁོངས་སུ་ཕྱག་བཏབ། རྗེས་སུ་གནས་ཀྱི་མིང་གང་ཟག་ལ་ཐོགས་ཏེ་དཔལ་ས་སྐྱའི་ཆོས་བརྒྱུད་འཕེལ་རྒྱས་བྱུང་། དགོན་པ་འདིར་ཐོག་མའི་ཆར་ལྷོ་བྱང་གཉིས་ཡོད་ཅིང་། ལྷོ་མ་དེ་ས་སྐྱ་གྲུམ་ཆུའི་ལྷོ་ངོས་ཐང་གཤོངས་སུ་ཆགས་ཤིང་། བྱང་མ་དེ་གྲུམ་ཆུའི་བྱང་ངོས་དབོན་པོ་རིའི་འདསབས་སུ་ཆགས་ཡོད། ལྷག་པར་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་རིང་ལ་དཔོན་ཆེན་ཤཱཀྱ་བཟང་པོས་ཕྱི་ལོ་ ༡༢༦༨ ལོར་ས་སྐྱའི་ལྷ་ཁང་ཆེན་མོ་གསར་བཞེངས་མཛད་ཅིང་བཤད་སྒྲུབ་ཀྱི་འོད་སྣང་ཕྱོགས་སུ་ཁྱབ་ནའང་། ཕྱི་ལོ་ ༡༩༥༩ ལོ་དང་ལྷག་པར་དུ་རིག་གནས་གསར་བརྗེའི་དུས་ངན་ནང་རྒྱ་དམར་གྱིས་གཏོར་བཤིག་ཚབས་ཆེན་བཏང་སྟེ་མིང་གི་ལྷག་མར་གྱུར་ཀྱང་། དེང་སྐབས་བོད་མིས་ཉམས་གསོ་གནང་དང་གནང་མུས་སུ་མཆིས། ཕྱི་ལོ་ ༡༩༥༩ ལོར་བོད་གཞིས་བྱེས་གཉིས་སུ་གྱེས་རྗེས་རྒྱ་གར་འཕགས་པའི་ཡུལ་འདིར་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ཞེ་གཅིག་པ་ཆེན་པོ་མཆོག་གིས་ཕྱི་ལོ་༡༩༦༤ལོར་རྒྱ་གར་ཨུཏྟར་ཁནྜའི་མངའ་སྡེའི་ཁོངས་རཱཛ་པུར་ས་གནས་སུ་ཕྱག་བཏབ། བོད་དང་བལ་པོ། མོན་པ་དང་སོག་པོ། འབྲུག་པ་དང་རྒྱ་གར་བ། ཁུ་ནུ་བ་དང་ཕྱི་རྒྱལ་བ་བཅས་ནས་དགེ་འདུན་པ་ཞལ་གྲངས་ ༢༣༧ གྱིས་དཔལ་ལྡན་ས་སྐྱ་པའི་རང་ལུགས་དྲི་མ་མེད་པར་སློབ་གཉེར་གནང་དང་གནང་མུས་ཀྱི་སྐབས་སོ།། །།
,
Uttarakhand,
༄༅། །བྱམས་ཆེན་ལྷ་ཁང་ཡིད་དགའ་ཆོས་འཛིན་ནི། བོད་གངས་ཅན་གྱི་ལྗོངས་སུ་རོང་སྟོན་ཤེས་བྱ་ཀུན་རིག་ཤཱཀྱ་རྒྱལ་མཚན་མཆོག་གིས་ཕྱི་ལོ་༡༤༣༥ལོར་ལྷ་སའི་བྱང་ཕྱོགས་འཕན་པོའི་ཡུལ་དུ་ཤྲཱི་ནཱ་ལནྡཱའམ་དཔལ་རྒྱུན་གྱི་དབང་པོ་ཞེས་པའི་གདན་ས་ཐོག་མར་ཕྱག་བཏབ་གནང་བ་ནས་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པ་བྱུང་། བཙན་བྱོལ་དུ་འབྱོར་རྗེས་གསང་ཆེན་བསྟན་པའི་བདག་པོ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༡༩༨༣ལོར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་གཙུག་ལག་ཁང་གི་ཕྱི་ནང་རྟེན་དང་བརྟེན་པ་བཅས་གསར་བཞེངས་མཛད། འདུ་ཁང་ནང་རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པ་མགོན་པོའི་སྣང་བརྙན་ཐོག་ཚད་མ་དང་། གསེར་ཟངས་ལས་གྲུབ་པའི་སྟོན་པ་ཐུབ་པའི་དབང་པོའི་སྐུ། མར་མེ་མཛད་ཀྱི་ངེས་སྣང་མདའ་ཚད་ཙམ། གཡས་གཡོན་དུ་རྗེ་བཙུན་འཇམ་དབྱངས་དང་ཕྱག་ན་རྡོ་རྗེ། ས་ངོར་ཚར་གསུམ། ཚེ་ལྷ་རྣམ་གསུམ། ཀུན་མཁྱེན་རོང་སྟོན། སྒྲོལ་མ་ཉེར་གཅིག་བཅས་ཀྱི་འཇིམ་སྐུ། དཔེ་མཛོད་ཁང་དུ་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར། རྒྱུད་སྡེ་ཀུན་བཏུས། སྒྲུབ་ཐབས་ཀུན་བཏུས་བཅས་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་གླེགས་བམ་མང་དུ་བཞུགས། དེ་བཞིན་རིན་པོ་ཆེ་མཆོག་གིས་བལ་ཡུལ་དུ་ཡང་ཕྱག་བཏབ་གནང་བ་བཀྲ་ཤིས་རབ་བརྟན་གླིང་བཅས། དེང་སྐབས་གསང་ཆེན་བསྟན་པའི་བདག་པོ་སྐྱབས་རྗེ་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། རྗེ་བཙུན་ཀུན་དགའ་བསྟན་སྒྲོན། བཅོ་བརྒྱད་ཞབས་དྲུང་སོགས་བླ་སྤྲུལ་རྣམས་ཀྱིས་དབུས་དགོན་པ་ཁག་གཉིས་ཀྱི་དགེ་འདུན་པ་ཞལ་གྲངས་༩༨ ཙམ་གྱིས་གཙོ་བོ་ཚར་ལུགས་རྐང་འཛིན་གྱིས་བརྒྱུད་ལྡན་བླ་མའི་ཕྱག་བཞེས་དང་། ཆོ་ག་ཆོས་སྤྱོད་དང་གཏོར་བཟོ་ཕྱག་ལེན། རང་ལུགས་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་གནང་བཞིན་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆེ་མཆོག་གི་སྐུའི་ཕྱྭའི་ཞབས་རིམ་སྨིན་སྒྲུབ་དང་། རང་ལུགས་བླ་ཆེན་ཁག་གི་འདས་མཆོད་དང་ཟླ་བ་བྱུང་ངོ་ཅོག་གི་ཚེས་བཅུ་རྒྱུན་ཆགས་སུ་གནང་མུས་བཅས་སོ།། །།
,
Kathmandu,
༄༅། །ཨེ་ཝཾ་བཤད་སྒྲུབ་ཆོས་འཁོར་གླིང་ནི། རྒན་ངག་དབང་གྲགས་པ་མཆོག་གིས་ཕྱི་ལོ་༡༩༧༤ལོར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་ཁོངས་མ་ན་ལི་ས་གནས་སུ་གསར་བཞེངས་གནང་། རྗེས་སུ་དགོན་པ་འདི་ངོར་ཁང་གསར་ངག་དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་པོ་མཆོག་ལ་ཕུལ། དེང་སྐབས་སློབ་དཔོན་ངག་དབང་ཚུལ་ཁྲིམས་མཆོག་དབུ་བཞུགས་འོག་སྤི་ཏི་བའི་དགེ་འདུན་པ་ཞལ་གྲངས་༤༨བཞུགས་སོ།།།།
,
Himachal Pradesh,
༄༅། །ས་སྐྱ་གུ་རུ་དགོན་པ་ནི། ཨ་མདོ་བླ་མ་མཆོག་གིས་ཕྱི་ལོ་༡༩༠༩ལོར་ཡུལ་མི་ཚོགས་པ་ནས་འགན་བཞེས་ཀྱིས་གནས་མཆོག་རྡོ་རྗེ་གླིང་ཕྱག་འདེབས་གནང་། ཕྱི་ལོ་༡༩༥༩ལོར་རྒྱ་མིས་བོད་བཙན་བཟུང་བྱས་རྗེས་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་རྡོར་གླིང་དུ་དགོན་པ་འདིར་བཞུགས།དགོན་པ་འདི་ནི་བཙན་བྱོལ་དུ་དཔལ་ས་སྐྱ་པའི་དགོན་པ་ཐོག་མ་དེ་ཡིན།སྐབས་དེ་དུས་དགོན་པར་བླ་གྲྭ་༩༠ ཙམ་ཡོད། རྗེས་སུ་༸གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་མཁན་ཆེན་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་མཁན་པོའི་ཁྲི་འདོན་མཛད་དེ།དགོན་པར་བསྟན་པའི་རྩ་བ་འདུལ་བ་གཞི་གསུམ་གྱི་ཉམས་ལེན་ཏེ།གསོ་སྦྱོང་དང་། དབྱར་གནས།དགག་དབྱེ་བཅས་དུས་ད་ལྟའང་རྒྱུན་ཆད་མེད་པར་གནང་མུས་དང་། ཕྱི་ལོ་༡༩༧༩ལོ་ནས་དགོན་པ་འདི་ཉིད་༸གོང་མ་རིན་པོ་ཆེའི་མཚན་བྱང་ཐོག་རྩིས་འབུལ་ཞུས་ཏེ་མངའ་སྡེའི་གཞུང་ལ་དེབ་སྐྱེལ་ཞུས།
,
Sikkim,
༄༅། །སྐྱེ་དགོན་བརྩེ་ཆེན་བསམ་གྲུབ་གླིང་ནི། བོད་ཡུལ་དུ་མཁན་བདག་ཆེན་རྒྱ་གར་བ་ཤེས་རབ་རྒྱ་མཚོ་སོགས་མཆོད་ཡོན་ཟུང་འབྲེལ་གྱིས་སྐྱེ་རྒུ་དོན་གྲུབ་གླིང་ཞེས་ཕྱག་བཏབ་སྟེ།བོད་ས་མ་ཤོར་གོང་གྲྭ་གྲངས་ཀྱང་༡༢༠༠ལྷག་འདུས་ཏེ་འཕེལ་རྒྱས་བྱུང་། རྒྱ་གར་འཕགས་པའི་ཡུལ་འདིར་ངོར་ཕེན་ཁང་མཁན་རིན་པོ་ཆེ་ངག་དབང་མཁས་གྲུབ་རྒྱ་མཚོ་དང་།ངོར་ཀླུ་ལྡི་མཁན་རིན་པོ་ཆེ་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་རྣམ་གཉིས་ཀྱི་བཀའ་འབྲེལ་བཞིན། སྒ་པ་གྲ་འུར་དཔོན་གྱིས་གཙོས་གྲ་འུར་ཞང་པོ་པདྨ་དོན་གྲུབ་ཀྱིས་འགན་ཁུར་ཆེར་བཞེས་ཀྱིས་ཕྱི་ལོ་༡༩༦༦ལོར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ཀུམ་རའོ་ཞེས་པའི་ས་གནས་སུ་གཙུག་ལག་ཁང་དང་གྲྭ་ཤག་བཅས་གསར་བཞེངས་གནང་།དེང་སྐབས་བླ་མ་དབོན་པོ་༸སྐྱབས་མགོན་ངག་དབང་ཐུབ་བསྟན་ཆོས་ཀྱི་གྲགས་པ་དབུ་བཞུགས་འོག་བླ་སྤྲུལ་དགེ་འདུན་པ་ཞལ་གྲངས་༥༡ཙམ་བཞུགས་སོ།། །།
,
Himachal Pradesh,
༄༅། །རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་ནི། མཁན་ཆེན་ཨ་པད་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༡༩༩༥ལོར་བལ་ཡུལ་ཏིན་ཅུ་ལི་ཞེས་པའི་ས་གནས་སུ་གསར་དུ་ཕྱག་བཏབ།དེང་སྐབས་བོད་རིགས་དང་།ཕྱི་རྒྱལ་བ་མི་སྐྱ་ཕོ་མོ། ལ་དྭགས་པ།བལ་པོ་བཅས་ནས་སློབ་གཉེར་བྱེད་བཞིན་པའི་ཐོགད་ཆ་དགེ་འདུན་ཞལ་གྲངས་༣༠ཙམ་བཞུགས་སོ།།།།
,
Kathmandu,
༄༅།།རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ནི།བོད་དུ་མཆོག་གྱུར་བདེ་ཆེན་གླིང་པ་དང་མཁྱེན་བརྩེ་དབང་པོ་རྣམ་གཉིས་ལ་ལུང་བསྟན་བྱུང་བ་ལྟར།མདོ་ཁམས་རྫོང་སར་བཀྲ་ཤིས་ལྷ་རྩེ་རུ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱིས་ཕྱི་ལོ་༡༩༡༨ལོར་རྒྱ་བསྐྱེད་གནང་བ་དེར་ཁམས་བྱེ་བཤད་གྲྭ་ཞེས་གྲགས་ཤིང་བོད་ས་མ་ཤོར་བར་དུ་བསྐྱངས།རྒྱ་གར་འཕགས་པའི་ཡུལ་འདིར་མཁྱེན་བརྩེ་སྐུ་ཕྲེང་གསུམ་པ་འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་ཕྱི་ལོ་༡༩༨༣ལོར་འབྲས་མོ་ལྗོངས་ཀྱི་དབེན་གནས་སུ་དགོན་པ་ཕྱག་བཏབ།བོད་ནས་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་མཆོག་གདན་དྲངས་ཏེ་མཁན་རབས་གོང་མ་རྣམ་པའི་ཞལ་རྒྱུན་དང་རྫོང་སར་ཁམས་བྱེའི་སྔོན་གྱི་ཕྱག་ལེན་རྣམས་མ་འཛོལ་བའི་ཐོག་ནས་དཔེ་ཁྲིད་ཀྱི་རྒྱུན་བསྐྱངས།ཕྱི་ལོ་༡༩༨༥ལོར་མཁྱེན་བརྩེ་རིན་པོ་ཆེའི་ཐུགས་དགོངས་དང་མཐུན་པ་གནང་སྟེ་རྒྱ་གར་ཧི་མཱ་ཅལ་མངའ་ཁོངས་སྦིར་སྡེ་དགེའི་གཞིས་ཆགས་སུ་གནས་སྤོས་ཀྱིས་ཕྱི་ལོ་༢༠༠༤བར་གཞུང་ཆེན་ཁག་ལ་འཆད་ཉན་མ་ཉམས་པར་མཛད།སྐབས་དེ་དུས་ཀྱི་བཤད་གྲྭའི་མཚན་ལ་རྫོང་སར་བཤད་གྲྭ་སྐལ་བཟང་ཆོས་ཀྱི་དགའ་ཚལ་ཞེས་ཐོགས། དེ་ནས་ཕྱི་ལོ་༢༠༠༤ལོར་ཅོན་ཏ་རའི་ས་གནས་སུ་གནས་སྤོས་ཀྱིས་ཐོག་མའི་དབུ་འབྱེད་རྟེན་འབྲེལ་གྱི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཀྱིས་ཆིབས་བསྒྱུར་དང་གསུང་ཆོས་བཀའ་དྲིན་བསྐྱངས།རིམ་བཞིན་རྒྱ་བསྐྱེད་དང་བཅས་བཤད་གྲྭའི་མཚན་ལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་ཞེས་གསོལ། སྐུ་གསུང་ཐུགས་གསུམ་གྱི་རྟེན་ལས་དང་པོ་སྐུ་ཡི་རྟེན་ནི།བཤད་གྲྭའི་གཙུག་ལག་སྐལ་བཟང་ཆོས་ཀྱི་འབྱུང་གནས་ནང་དུ་བཞུགས་པའི་རྟེན་གཙོ་མཉམ་མེད་ཤཱཀྱ་ཐུབ་པ་ལ་འཁོར་སངས་རྒྱས་བརྒྱ་དང་བཅུ་གཅིག་གིས་བསྐོར་ཡོད་པ་སྔོན་བདག་ཅག་གི་སྟོན་པས་གནས་བྱ་རྒོད་ཕུང་པོའི་རི་བོར་ཤེར་ཕྱིན་གྱི་མདོ་སྡེ་གསུངས་པའི་སྐབས་ཀྱི་གླེང་གཞི་དང་མཐུན་པར་བཞེངས་གནང་ཡོད་ཅིང་།དེའི་གཡས་གཡོན་གཉིས་སུ་རྗེ་བཙུན་འཇམ་དཔལ་དབྱངས་དང་།འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་འདྲ་རེ་བཞེངས་སྟབས་སུ་ཡོད་པ།ལྷ་ཁང་གི་གཡས་གཡོན་གྱི་གྱང་ངོས་སུ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་དག་སྣང་འཁྲུངས་རབས་རྣམ་པར་ཐར་པ་ཐང་གའི་རྣམ་པར་བཞུགས་ཡོད། གཉིས་པ་གསུང་གི་རྟེན་ལ།དཔེ་མཛོད་བཀྲ་ཤིས་སྒོ་མང་དུ་གཙོ་བོ་རྒྱན་དྲུག་མཆོག་གཉིས་ཀྱིས་མཛད་པའི་རྒྱ་གཞུང་ཁག་དང་།ཆོས་བརྒྱུད་ཆེན་པོ་ཁག་གི་མཁས་གྲུབ་རྣམས་ཀྱིས་མཛད་པའི་གཞུང་འགྲེལ་དང་།དེ་བཞིན་རྒྱལ་རབས་དང་ལོ་རྒྱུས་སོགས་ཀྱི་དཔེ་ཚོགས་གྲངས་ལས་འདས་པ་བཞུགས་ཡོད་ཅིང་།ལྷ་ཁང་གི་ཐོག་བརྩེགས་བཞི་པར་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་ཚར་གྲངས་དུ་མ་བཞུགས་ཡོད། གསུམ་པ་ཐུགས་ཀྱི་རྟེན་ལ།ལྷ་ཁང་ནང་ངོས་ཀྱི་གཡོན་ཕྱོགས་སུ་སྐུ་རྒྱུ་གསེར་ཟངས་ལས་གྲུབ་པའི་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་སྐུ་གདུང་མཆོད་རྟེན་ཞིག་དང་།ལྷ་ཁང་གི་ཕྱི་རོལ་གྱི་གཡས་ཕྱོགས་སུ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་སྐུ་གདུང་མཆོད་རྟེན་དང་།མཁན་ཆེན་ཀུན་དགའ་དབང་ཕྱུག་རིིན་པོ་ཆེའི་སྐུ་གདུང་མཆོད་རྟེན་གཉིས་འགྱིང་ངེར་བཞུགས་ཡོད་ཅིང་།ལྷ་ཁང་གི་ཕྱི་རོལ་གྱི་གཡོན་ཕྱོགས་སུ་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་ཡལ་གའི་རྩ་བ་ལ་བརྟེན་ནས་སྐྱེས་པའི་བྱང་ཆུབ་ལྗོན་ཤིང་འཁྲུལ་མེད་བཅས་བཞུགས་ཡོད། མཁན་ཆེན་ཀུན་དགའ་དབང་ཕྱུག་གི་གསུང་ལས་སྐྱེས་པའི་མཁན་དགེ་རྣམ་པས་འཆད་ཁྲིད་ཀྱི་ཐུགས་འགན་བཞེས་ཏེ།བོད་རིགས་དང་།རྒྱ་གར་བ།ལ་དྭགས་པ།བལ་པོ་སོགས་ནས་ད་བར་སློབ་གཉེར་བ་ཞལ་གྲངས་སྟོང་ཕྲག་མང་པོར་གཞུང་ཆེན་བཅུ་གསུམ་དང་གྲགས་ཆེན་བཅོ་བརྒྱད་ཀྱིས་མཚོན་པའི་མདོ་སྔགས་རིག་གནས་དང་བཅས་པར་འཆད་ཉན་སློབ་གཉེར་གནང་ཡོད་པ་མ་ཟད།འདི་ནས་སློབ་ཐོན་ཟིན་པའི་མཁན་པོ་དང་དགེ་རྒན་བརྒྱ་ཕྲག་མང་པོས་དགོན་ཁག་གཞན་སོ་སོར་འཆད་ཁྲིད་གནང་དང་གནང་མུས་དང་།ད་ལྟའི་ཆར་དགེ་འདུན་ཞལ་གྲངས་༥༧༨གྱིས་བརྩོན་པ་ཆེན་པོས་མདོ་སྔགས་རིག་གནས་དང་བཅས་པར་སློབ་གཉེར་གནང་མུས་ཡིན།།།།
,
Himachal Pradesh,