༄༅། །ཞ་ལུ་དགོན་ནི། བཙན་བྱོལ་ནང་ཐོག་མར་ཕྱི་ལོ་ ༢༠༠༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་ལ་གཟིགས་པ་བླ་ན་མེད་པ་གནང་བཞིན་པའི་བཀའ་དྲིན་ལ་བརྟེན། དཔལ་ལྡན་དགའ་ལྡན་ཕོ་བྲང་ནས་ཕྱག་གྲོན་ཆ་ཚང་གནང་ནས་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་ཕྱག་བཏབ། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༢༧ ཉིན་༸དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས་ཏི་ལོ་པུར་གྱི་དགོན་འདི་གསོལ་རས་གནང་ཞིང་། དེ་རྗེས་སློབ་གཉེར་བ་ཕལ་ཆེ་བ་འདི་གར་གནས་སྤོས་ཀྱིས་སློབ་གཉེར་བྱ་ཡུལ་གྱི་བསྟི་གནས་སུ་གྱུར། ནང་རྟེན་དུ་འཇིམ་པ་ལས་གྲུབ་པའི་སྟོན་པའི་སྣང་བརྙན་དང་། གྲུབ་ཆེན་ཏི་ལོ་པ། རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ། ཞ་ལུ་དགོན་པ་ཐོག་མར་ཕྱག་འདེབས་མཁན་བསྟན་པ་ཕྱི་དར་གྱི་ཐོག་མའི་དབུས་གཙང་གི་མཁས་པ་མི་བཅུའི་ཡ་གྱལ་ལོ་སྟོན་རྡོ་རྗེ་དབང་ཕྱུག་གི་སློབ་མ་ལྕེ་བཙུན་ཤེས་རབ་འབྱུང་གནས། བུ་སྟོན་ཐམས་ཅད་མཁྱེན་པའི་སྣང་བརྙན། གསེར་ཟངས་ལས་གྲུབ་པའི་འཇམ་མགོན་བླ་མ་ཙོང་ཁ་པ་ཡབ་སྲས་གསུམ་དང་། སྒྲོལ་མ། གཞན་ཡང་སྟོན་པ་དང་། སྒྲོལ་མ། མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་བྲིས་ཐང་སོགས་ཡོད། དེང་སྐབས་དགེ་འདུན་ཞལ་གྲངས་ ༦༦ ཙམ་ཡོད་ལ། སློབ་གཉེར་གྱི་བྱེད་སྒོ་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དབུ་འོག་དཔུང་འདེགས་ཀྱིས། འདི་གའི་གྲྭ་པ་རྣམས་སྲོལ་རྒྱུན་གྱི་ཆོས་ཕྱོགས་དང་འབྲེལ་བའི་ལམ་སྲོལ་རྒྱུན་འཛིན་ཐུབ་ཙམ་གྱིས་མི་ཆོག་པར། དུས་ཀྱི་འགྱུར་འགྲོས་དང་མཐུན་པའི་དེང་རབས་གསར་པའི་ཤེས་བྱ་ཁག་ལ་སློབ་སྦྱོང་བྱས་ཏེ། གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལྡན་པའི་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་ཡོང་བའི་དམིགས་ཡུལ་བཟུང་སྟེ། ཞ་ལུའི་ཐུན་མོང་མིན་པའི་ཆོ་ག་ཕྱག་ལེན་དང་། འདོན་རྟ་དབྱངས་སོགས་ཕྱག་སྲོལ་གང་ཡིན་པ་རྣམས་གང་ཐུབ་ཀྱིས་ཉམས་པ་སླར་གསོ་དང་། མི་ཉམས་རྒྱུན་འཛིན་ཐོག པཎ་ཆེན་བསོད་ནམས་གྲགས་པའི་ཡིག་ཆའི་ཐོག་གཞུང་ཆེན་ཁག་ལ་སློབ་སྦྱོང་དང་། བོད་ཡིག་དང་། ཨིན་ཡིག ཚན་རིག རི་མོ་སོགས་སློབ་སྦྱོང་བྱེད་བཞིན་པ་ཡིན། ལོ་གཅིག་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ནི། སྤྱིར་གཞིས་དགོན་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཧ་ཅང་མང་ཡང་། བྱེས་དགོན་དུ་ད་ལྟའི་གནས་བབ་ལ་ལྟོས་ནས་ལོ་ལྟར་དུས་མཆོད་དུ་བོད་ཟླ་དྲུག་པའི་ཚེས་ཉི་ཤུ་གཅིག་གི་ཉིན། ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་ཀྱི་དགོངས་རྫོགས་དུས་མཆོད་དང་། དཔལ་དུས་ཀྱི་འཁོར་ལོ་དང་འབྲེལ་བའི་བླ་མ་མཆོད་པའི་ཚོགས་འཁོར་ཟབ་རྒྱས་དང་། ཟླ་རེའི་ཡར་ངོའི་ཚེས་བརྒྱད་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་ཐམས་ཅད་སྐུ་ཁམས་བདེ་ཞིང་སྐུ་ཚེ་ཞབས་པད་བརྟན་པ་དང་། སེམས་ཅན་ཐམས་ཅད་ལ་ནད་རིགས་མི་འབྱུང་བའི་ཆེད་སྨན་བླ་བདེ་གཤེགས་བརྒྱད་ཀྱི་ཆོ་ག་དང་། ཟླ་རེའི་རེས་གཟའ་ལྷག་པ་དང་པོ་༸རྒྱལ་བའི་བླ་གཟའ་དང་བསྟུན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་ལ་བར་ཆད་མི་འབྱུང་བའི་ཆེད་སྒྲོལ་ཆོག་དང་། ཟླ་རེའི་ཚེས་བཅོ་ལྔའི་ཉིན་བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མེར་སྲེག་གནང་མཁན་རྣམས་དང་། བོད་རྒྱལ་ཁབ་ཀྱི་ཆེད་དུ་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་གཙོས་པའི་སེམས་ཅན་ཚེ་ལས་འདས་ཚད་རྣམས་ཀྱི་ཆེད་རྒྱལ་བ་མི་འཁྲུགས་པ་ལྷ་བཅུ་གསུམ་གྱི་བདག་མདུན་བུམ་གསུམ་བྱང་དབང་དང་བཅས་པའི་ཆོ་ག་རྒྱས་པ་དང་། ཟླ་རེའི་ཚེས་ཉེར་དགུའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་མཛད་འཕྲིན་རྒྱས་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བའི་ཆེད་དུ་དཔལ་ལྡན་ལྷ་མོ་སོགས་དམ་ལྡན་བསྟན་སྲུང་རྣམས་ཀྱི་བསྐང་གསོ་རྒྱས་པ། ལྷག་པར་དུ་རང་གཞུང་ནས་བཀའ་ནམ་ཕེབས་ཀྱི་ཞབས་རིམ་ཁག་བསྒྲུབས་དང་སྒྲུབ་མུས་ཡིན།། །།
,
Himachal Pradesh,
༄༅། །ཞ་ལུ་དགོན་པ་ནི། བསྟན་པ་ཕྱི་དར་གྱི་ཐོག་མ་བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་མ་བགྲེས་ཤོས་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་ཞ་ལུ་རྒྱན་གོང་བྱང་ཆུབ་དགེ་གནས་ཞེས་བྱ་བ་དགེ་འདུན་སྟོང་ཕྲག་ཡོད་པའི་ཆོས་སྡེ་ཆེན་པོ་ཞིག་ཕྱག་བཏབ། དེའི་སློབ་མ་ལྕེ་བཙུན་ཤེས་རབ་འབྱུང་གནས་ཀྱིས་དེ་དང་ཉེ་བའི་སར་རབ་བྱུང་དང་པོའི་མེ་ཡོས་ཕྱི་ལོ་ ༡༠༢༧ ལོར་ཞ་ལུ་གསེར་ཁང་ཁྲ་མོ་ཞེས་པའི་གཙུག་ལག་ཁང་ཕྱག་བཏབ་ཅིང་། འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་དྲངས་ཏེ་ཇོ་བོ་རྗེས་རབ་གནས་ལེགས་པར་མཛད། དེ་རྗེས་བུ་སྟོན་རིན་ཆེན་གྲུབ་དགུང་ལོ་སོ་གཅིག་ལ་ཕེབས་སྐབས་ཞ་ལུའི་གཙུག་ལག་ཁང་དུ་གདན་དྲངས་ཏེ་གདན་ས་མཛད། ཞ་ལུར་གྲྭ་ཚང་བཞི་ཡོད། བུ་སྟོན་མཆོག་གིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བྱིན་གྱིས་བརླབས་པའི་གནས་ཞ་ལུ་རི་ཕུག་བདེ་ཆེན་ཆོས་ཀྱི་ཕོ་བྲང་ཞེས་པའི་གཙུག་ལག་ཁང་ཕྱག་བཏབ། སྐབས་དེར་དགེ་འདུན་ཞལ་གྲངས་ ༧༣༣༠ ཙམ་ཡོད། གཞུང་ཆེན་བཀའ་པོད་ལྔའི་བཤད་གྲྭ་བཙུགས་པ་སོགས་མདོ་སྔགས་གཉིས་ཀྱི་སྒོ་ནས་བསྟན་པ་བསྐྱངས། དེ་ཉིད་ཀྱིས་མཛད་པའི་གྲུབ་མཐའ་ལ་བུ་ལུགས་སུ་གྲགས་ཤིང་། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ་དང་། ས་སྐྱའི་བླ་ཆེན་བསོད་ནམས་རྒྱལ་མཚན། རྒྱལ་སྲས་ཐོགས་མེད་བཟང་པོ་ལ་སོགས་པ་ཕྱིས་ཀྱི་མཁས་པ་ཕལ་ཆེར་རྗེ་འདིའི་སློབ་མར་གྱུར། རྗེས་སུ་དུས་ཀྱི་འཕོ་འགྱུར་དབང་གིས་དགེ་འདུན་གྲངས་ཉུང་དུ་ཕྱིན་ཀྱང་ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་བཙན་འཛུལ་མ་བྱས་སྔོན་དགེ་འདུན་པ་ ༣༦༠ ཡོད་པ་དེ་དག་གིས་བུ་སྟོན་ཐམས་ཅད་མཁྱེན་པའི་ཐུན་མོང་མིན་པའི་ཕྱག་སྲོལ་རྒྱུད་སྡེ་ལྔ་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དང་འབྲེལ་བའི་འདོན་ཆོག་སོགས་མི་ཉམས་པར་ལེགས་པར་འཛིན་མུས་ཀྱང་། རྒྱ་དམར་ཀླ་ཀློའི་བསམ་ངན་སྦྱོར་རྩུབ་ཀྱི་བྱ་བས་བོད་གངས་ཅན་ལྗོངས་ཀྱི་གཅེས་ནོར་ཆོས་དང་རིག་གཞུང་དགོན་སྡེ་གྲྭ་ཚང་སོགས་རྩ་ཆེའི་རིག་དངོས་རྣམས་ལ་ཉམ་ཆག་ཚབས་ཆེན་བྱུང་བའི་ཁྲོད་བུ་སྟོན་ལུགས་ཀྱི་བསྟན་པ་དང་གདན་སར་ཡང་ཉམ་ཆག་ཚབས་ཆེན་བྱུང་ཡོད། འོན་ཀྱང་རང་ཅག་ཁ་བ་རི་པ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོའི་ཐུགས་བསྐྱེད་བླ་ན་མེད་པའི་བཀའ་དྲིན་ཉག་གཅིག་ལས་འཕགས་པའི་ཡུལ་འདིར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་བསྟན་པ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་ཕྱིར་ཆོས་བརྒྱུད་སོ་སོའི་གནས་གཞི་འདེབས་གནང་མཛད་ཅིང་། རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཉམས་མེད་དབྱར་མཚོ་བཞིན་རྒྱས་པ་ནི་སྐྱེ་འགྲོ་སྤྱི་དང་། ཁྱད་པར་གངས་ཅན་པ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་དུ་ངེས་པ་མ་ཟད། སྣུམ་ཟད་ཀྱི་མར་མེ་ལྟ་བུར་གྱུར་པའི་བུ་སྟོན་ཐམས་ཅད་མཁྱེན་པའི་རིང་ལུགས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་སླད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་བསྒོས་དང་བཅས་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནས་འགྲོ་གྲོན་ཆ་ཚང་བཀའ་དྲིན་བསྩལ་ཏེ། ཕྱི་ལོ་ ༢༠༠༥ ཟླ་ ༣ ཚེས་ ༢༧ ཉིན་འཕགས་ཡུལ་སྤོན་ཊ་ཆོལ་གསུམ་གཞིས་ཆགས་སུ་ཞ་ལུའི་གཙུག་ལག་ཁང་དང་གྲྭ་ཤག་སོགས་གསར་སྐྲུན་གནང་ཡོད། ཕྱི་ལོ་ ༢༠༡༧ ལོར་༸དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས་ཏི་ལོ་པུར་དུ་དགོན་པ་ཞིག་གསོལ་རས་གནང་རྗེས་སློབ་གཉེར་བསྟི་གནས་གཙོ་བོ་ཏི་ལོ་པུར་ཞ་ལུ་དགོན་པར་གནང་གི་ཡོད་སྟབས། འདི་གའི་དགེ་འདུན་པ་གནས་སྤོས་ཀྱིས་ད་ལྟའི་ཆར་འདི་གར་དགེ་འདུན་ཞལ་གྲངས་ ༣ ལས་མེད།། །།
,
Himachal Pradesh,
༄༅།།མཚན་ཉིད་རིགས་ལམ་སློབ་གཉེར་ཁང་ནི།སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་གསར་འཛུགས་མཛད་ཅིང་།དགེ་བཤེས་བློ་བཟང་རྒྱ་མཚོ་མཆོག་ནས་ཐུགས་འགན་རྐང་བཞེས་ཀྱིས་ཕྱི་ལོ་༡༩༧༣ལོར་ཕྱག་བཏབ་སྟེ་སྤྱི་ཁྱབ་འགན་འཛིན་གནང་།དེ་རྗེས་རིགས་ལམ་སློབ་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་དམ་ཆོས་རྒྱལ་མཚན་ལགས་དང་།དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་རིམ་པས་གནང་ཡོད།ད་ལྟའི་ཆར་དགེ་བཤེས་བསམ་གཏན་རྒྱ་མཚོ་ལགས་ཀྱིས་སྤྱི་ཁྱབ་འགན་འཛིན་གྱི་འགན་བཞེས་ཀྱི་ཡོད། འདི་གར་ད་ཆ་དགེ་བཙུན་ཞལ་གྲངས་༡༦༠ཡོད་པའི་ཁོངས་སུ་བོད་པ་དང་།ཁུ་ནུ་བ།ལ་དྭགས་པ།མོན་པ།སོག་པོ།མི་རིགས་གཞན་བཅས་ཀྱི་དགེ་འདུན་པ་ཞལ་གྲངས་༡༢༢དང་།བཙུན་མ་༣༨ཡོད།སློབ་གཉེར་བ་རྣམས་ཀྱིས་ཐོག་མར་བསྡུས་གྲྭ་འཛིན་གྲྭར་ལོ་གཅིག་དང་།དེ་ནས་ཕར་ཕྱིན་འཛིན་གྲྭར་ལོ་དྲུག་གི་ནང་ལོ་རེའི་སློབ་ཚན་ཐོག་རྒྱུགས་སྤྲོད་འབུལ་དགོས་པ་དང་།གདན་ས་གསུམ་གང་རུང་དུ་སྟབས་བསྟུན་གྱིས་འཇང་དགུན་ཆོས་ལ་ཐེངས་གཅིག་ངེས་པར་དུ་མཉམ་ཞུགས་བྱེད་དགོས།ལོ་རིམ་དྲུག་པའམ་མཐའ་མར་ཕར་ཕྱིན་དབུ་ནས་མཇུག་པར་ལོ་དྲུག་གི་སློབ་ཚན་ཐོག་རྒྱུགས་སྤྲོད་འབུལ་དགོས་པ་མ་ཟད་རྩོད་རྒྱུགས་གཅིག་འབུལ་དགོས།དེ་བཞིན་རྣམ་འགྲེལ་འབྲི་རྒྱུགས་གཅིག་དང་རྩོད་རྒྱུགས་གཅིག་བཅས་འབུལ་དགོས། དབུ་མ་འཛིན་གྲྭར་ལོ་གསུམ་ཡིན་ཞིང་།ལོ་རིམ་དང་པོ་དང་གཉིས་པ་སོ་སོར་ལོ་རེའི་སློབ་ཚན་ཐོག་རྒྱུགས་སྤྲོད་དང་།ལོ་རིམ་གསུམ་པའམ་མཐའ་མའི་སྐབས་སུ་དབུ་མ་ལོ་རིམ་གསུམ་གྱི་སློབ་ཚན་ཡོངས་རྫོགས་ཐོག་རྒྱུགས་སྤྲོད་འབུལ་དགོས་པ་མ་ཟད་རྩོད་རྒྱུགས་གཅིག་འབུལ་དགོས།དེ་བཞིན་རྣམ་འགྲེལ་འབྲི་རྒྱུགས་གཅིག་དང་རྩོད་རྒྱུགས་གཅིག་འབུལ་དགོས།རིས་མེད་སློབ་དཔོན་འཛིན་གྲྭར་ལོ་བཞི་ཡིན་པ་བཅས།མདོར་ན་ཐོག་མར་རིགས་ལམ་སློབ་གཉེར་ཁང་དུ་འཛུལ་ཞུགས་བྱས་པ་ནས་བཟུང་ཉུང་མཐར་ལོ་ངོ་བཅུ་དྲུག་རིང་འགོ་བསྡུས་གྲྭ་ནས་བཟུང་གཞུང་ཆེན་ཀ་པོད་ལྔ་དང༌།རིས་མེད་ཆོས་བརྒྱུད་ཁག་གི་རང་གཞུང༌།རྒྱུད་བླ་མ།གསང་སྔགས་བཅས་མདོ་སྔགས་ཀྱི་སློབ་ཚན་ཁག་གི་ཐོག་སྦྱངས་པ་མཐར་ཕྱིན་ཏེ་གསང་སྔགས་ལོ་རིམ་མཐའ་མའི་རྒྱུགས་སྤྲོད་ལེགས་པར་འཕྲོད་ན་རིས་མེད་དགེ་བཤེས་ཀྱི་ལག་འཁྱེར་གནང་འབུལ་གྱི་ཡོད། གཞན་ཡང་རིགས་ལམ་སློབ་གཉེར་ཁང་དུ་སློབ་གཉེར་གནང་བའི་སྐབས་སུ་ཞོར་དུ་བོད་ཀྱི་བརྡ་སྤྲོད་སུམ་རྟགས་དང་།སྙན་ངགརྒྱལ་རབས།རྗེའི་ལམ་རིམ་ཆེ་ཆུང༌།དབུ་མ་རིན་ཆེན་ཕྲེང་བ།སྤྱོད་འཇུགགྲུབ་མཐའ་བཅས་དང༌།ཨིན་ཇིའི་སྐད་ཡིགཚན་རིག་སོགས་རང་རང་གི་བློ་ནུས་དང་འཚམ་པར་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡོད།།།།
,
Himachal Pradesh,
༄༅། །སྤོ་རོང་དཔལ་མོ་ཆོས་སྡིངས་དགོན་པ་ནི། ཐོག་མར་བོད་དུ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱིས་སྟོད་སྤོ་རོང་དུ་ཕྱག་བཏབ། བོ་དོང་ཕྱོགས་ལས་རྣམ་རྒྱལ་དགོངས་པ་རྫོགས་རྗེས་དགོན་པའི་ནང་སེར་ཁྱིམ་པ་ལས་མེད། ཡིན་ནའང་སྔགས་ཕྱོགས་ཉམས་ལེན་སྤུས་དག་ཡོད། དེ་ནས་རིམ་བཞིན་སློབ་གཉེར་མེད་ཁར་ཆོ་ག་ཕྱག་ལེན་ཡང་རིམ་པས་ཉམས་ནས་ཕྱི་ལོ་ ༡༩༥༩ ལོར་དུས་ལོག་བྱུང་སྐབས་དགེ་འདུན་པ་ཞལ་གྲངས་ ༥༠།༦༠ ཙམ་དང༌། ཉམས་ལེན་ཕྱག་རྒྱུན་རྩ་མེད་མ་སོང་ཙམ་ཡོད། བཙན་བྱོལ་དུ་འབྱོར་རྗེས་སྤོ་རོང་དཔལ་མོ་ཆོས་སྡིངས་ནི། ཐོག་མར་བལ་ཡུལ་དུ་གཞིས་ཆགས་པའི་སྤོ་རོང་སེར་སྐྱ་མི་མང་ནས་འགན་བཞེས་ཏེ་སྤོ་རོང་ཆོས་ཚོགས་ཤིག་བཙུགས། དེ་ནས་ཕྱི་ལོ་ ༡༩༦༠ ནང་བོད་ནས་གདན་འདྲེན་ཞུས་པའི་བོ་དོང་གསུང་འབུམ་དེ་ཉིད་འདུས་ཆེན་དང༌། སྐུ་བརྙན། ཞལ་ཐང༌། མཆོད་རྫས་ཁག་མང་བཅས་བལ་ཡུལ་དོན་གཅོད་བརྒྱུད་ྋགོང་ས་མཆོག་ལ་ཕུལ་ཟིན་འཕྲོས་ལྷག་འཇིམ་པ་ལས་གྲུབ་པའི་འཇིགས་བྲལ་ཕྱོག་ལས་རྣམ་རྒྱལ་གྱི་སྣང་བརྙན་འཇིགས་བྲལ་ང་འདྲ་མ་སོགས་མཆོད་རྫས་ཉུང་ཤས་ཨོ་རྒྱན་སྤྲུལ་སྐུའི་དགོན་པར་བཅོལ་ནས་དགེ་འདུན་པ་རྣམས་ཁ་འཐོར་དུ་སོང༌། དེ་རྗེས་བལ་ཡུལ་དུ་གཞིས་ཆགས་པའི་སྤོ་རོང་མི་མང་ནས་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱི་སྣང་བརྙན་ང་འདྲ་མའི་མདུན་ཚེས་བཟང་དུས་བཟང་ཁག་ལ་མར་མེ་ཆད་མེད་འབུལ་དུ་བཅར་གྱི་ཡོད། ཕྱིས་སུ་དགོན་པའི་དགེ་འདུན་བགྲེས་པ་འགའ་ཤས་རྒྱ་གར་ནང་ཡོད་པ་རྣམས་གདན་ཞུས་དང་འབྲེལ་ཨོ་རྒྱན་སྤྲུལ་སྐུའི་དགོན་པ་ནས་སྣང་བརྙན་ང་འདྲ་མ་དང་མཆོད་རྫས་རྣམས་ཚུར་ཞུས་ཏེ་དགོན་པ་ཆུང་ངུ་ཞིག་བཞེངས་ཏེ། སྤོ་རོང་སེར་སྐྱ་ཐུན་མོང་ནས་འཛིན་སྐྱོང་གནང་སྟེ་ཚོགས་པའི་མིང་ལ་སྤོ་རོང་ཆོས་ཚོགས་ཞེས་བཏགས་པ་རེད། དེ་ནས་རིམ་བཞིན་དགེ་འདུན་པ་ཞལ་གྲངས་མང་དུ་ཕྱིན་ནས་སླར་ཡང་སྤོ་རོང་ཆོས་ཚོགས་ནས་ད་ལྟའི་དགོན་པ་སྤོ་རོང་དཔལ་མོ་ཆོས་སྡིངས་དེ་ཉིད་ཕྱི་ལོ་ ༢༠༠༥ ལོར་གསར་བཞེངས་གྲུབ་རྗེས་འཛིན་སྐྱོང་དང༌། བཞུགས་སྒར་དྷརྨ་ས་ལར་ྋགོང་ས་མཆོག་གི་བཀའ་འབྲེལ་བཞིན་ཕྱི་ལོ་ ༢༠༠༣ ནས་བོ་དོང་གསུང་རབ་ཉམས་ཞིབ་ཁང་དབུ་འཛུགས་ཀྱིས་བོ་དོང་པཎ་ཆེན་གྱིས་མཛད་པའི་གཞུང་ཆེན་བཀའ་པོད་ལྔའི་འགྲེལ་པ་ལ་ཞིབ་འཇུག་དང་སློབ་གཉེར་འཆར་གཞི་བཟོ་བཞིན་པ་དང༌། དབང་ལུང་མན་ངག་གི་བརྒྱུད་པ་འཚོལ་ཞིབ་དང་འབྲེལ་ཚད་ལྡན་གྱི་རིས་མེད་བླ་ཆེན་ཁག་གི་སྐུ་མདུན་ནས་ཞུ་ཐབས། ཆོ་ག་ཕྱག་ལེན་ལ་ཞིབ་འཇུག་གིས་སླར་གསོ་ཡོང་ཐབས་བཅས་ཆོས་བརྒྱུད་ཉམས་པ་སླར་གསོ་ཡོང་ཐབས་སུ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་སློབ་སྤྱི་ཕེབས་བཞིན་ཞུ་རྒྱུ་བཅས་ཀྱི་ཆེད་དུ་ཟུར་དུ་དགེ་བཤེས་པདྨ་རྡོ་རྗེ་ལགས་ནས་རྐང་འགན་བཞེས་བཞིན་ཡོད། ད་ལྟ་དབུ་བཞུགས་བླ་མ་བོ་དོང་མཆོག་སྤྲུལ་བསྟན་འཛིན་མཐུ་སྟོབས་ཡིན། ཁོང་ནི་བོ་དོང་བླ་མ་བསོད་ནམས་རྒྱལ་མཚན་གྱི་ཡང་སྲིད་དུ་ཕྱི་ལོ་ ༡༩༩༦ ཟླ་ ༡༡ ཚེས་ ༡༣ ཉིན་ྋགོང་ས་མཆོག་གིས་ངོས་འཛིན་གནང་སྟེ་ད་ལྟ་སེར་བྱེས་གྲྭ་ཚང་དུ་སློབ་གཉེར་གནང་བཞིན་པ་དང་། དེང་སྐབས་བོ་དོང་དཔལ་མོ་ཆོས་སྡིངས་དགོན་དུ་དགེ་འདུན་པ་ཞལ་གྲངས་ ༦༩ ཙམ་བཞུགས་ཡོད།། །།
,
Kathmandu,
༄༅།།བཙུན་དགོན་སྒྲོལ་མ་གླིང་རིགས་ལམ་སློབ་གཉེར་ཁང་ནི། ཕྱི་ལོ་༡༩༩༠ལོར་བོད་ནས་བཙུན་མ་གསར་པ་མང་པོ་ཕེབས་ཀྱང་བཞུགས་གནས་སོགས་ཀྱི་དཀའ་ངལ་ཡོད་པས།དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལྟ་སྐྱོང་འོག་ནས་ལོ་ངོ་གསུམ་རིང་ནོར་གླིང་རྒྱ་གར་གྲོང་གསེབ་ཅིག་ཏུ་བཞུགས་དགོས་འཁེལ་ཡོད།དེའི་རྗེས་ཕྱི་ལོ་༡༩༩༣ལོར་བཙུན་དགོན་འདི་ཉིད་གསར་བཙུགས་གནང་བ་དང་།ཕྱི་ལོ་༡༩༩༤ལོར་སློབ་གཉེར་དབུ་འཛུགས་གནང་སྟེ་ད་བར་ཁྱོན་ལོ་ངོ་ ༣༠ལྷག་ཕྱིན་ཡོད། དགོན་པའི་འདུ་ཁང་ནང་གི་རྟེན་གྱི་གཙོ་བོ་ནི།འཚེམ་དྲུབ་ལས་བཞེངས་པའི་ཐུབ་དབང་གི་སྐུ་དང་།གཡས་སུ་སྤྱན་རས་གཟིགས་དང་གཡོན་དུ་སྒྲོལ་ལྗང་།འདུ་ཁང་གི་ཕུགས་ཀྱི་གཡས་ཟུར་དུ་སྒྲོལ་མ་ཉེར་གཅིག་དང་ལྟུང་བཤགས་ལྷ་སོ་ལྔའི་སྐུ་བྱིན་ཅན་བཞུགས་པའི་ལྷ་ཁང་ཆུང་ངུ་ཞིག་དང་།ཕུགས་ཀྱི་གཡོན་ཟུར་དུ་སྲུང་མ་ཁང་བཅས་ཡོད། བཙུན་དགོན་འདིར་ཁྱོན་བསྡོམས་སྔོན་འགྲོ་ནས་སྔགས་བར་འཛིན་རིམ་ ༡༩ཡོད་ལ།དགེ་བཤེས་མ་ཐོན་ཟིན་པ་གྲངས་༢༢དང་།དགེ་བཤེས་མའི་ཡིག་རྒྱུགས་གཏོང་བཞིན་པ་བཙུན་མ་གྲངས་ ༣༣ཡོད།སློབ་ཚན་གཙོ་བོ་ནང་ཆོས་དང་།དཀྱིལ་འཁོར། མཆོད་པ།རི་མོ།བོད་ཀྱི་རིག་གནས།ཨིན་ཡིགདེའི་ཞོར་དུ་དེང་དུས་ཀྱི་ཤེས་ཡོན་དང་འབྲེལ་བའི་རྒྱལ་རབས་ཆོས་འབྱུང་དང་།ཨང་རྩིས།གློག་ཀླད་སོགས་ལ་སློབ་གཉེར་གནང་དང་གནང་མུས་ཡིན། སློབ་གཉེར་ཁང་འདིའི་དབུ་བཞུགས་གནང་མཁན་སློབ་སྤྱི་དང་དཔེ་ཁྲིད་དགེ་རྒན་གཅིག་ལྕོགས་ཀྱི་ཕྱག་ལས་གནང་མཁན་སེར་བྱེས་དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་འཛིན་ལགས་ཡིན།དེ་བཞིན་ནང་ཆོས་དགེ་རྒན་གྲངས་ ༡༠དང་།དཀྱིལ་འཁོར་དང་མཆོད་བཞེངས་དགེ་རྒན་གྲངས་ ༡།བོད་ཀྱི་རིག་གནས་དགེ་རྒན་གྲངས་ ༣།ཨིན་ཡིག་དགེ་རྒན་གྲངས་ ༣།ཚན་རིག་དགེ་རྒན་གྲངས་༡བཅས་ཁྱོན་དགེ་རྒན་གྲངས་ ༡༨ཡོད། ད་ལྟའི་བཙུན་དགོན་གྱི་སྒྲིག་ཁོངས་སུ་བོད་དང་།ཧི་མཱ་ལ་ཡའི་རི་རྒྱུད།བལ་ཡུལ།ར་ཤི་ཡ།གཞན་ཡང་ཕྱི་རྒྱལ་ནས་ཡིན་པ་བཅས་བསྡོམས་པའི་བཙུན་མ་གྲངས་ ༢༧༩ཙམ་ཡོད།གོང་གི་བཙུན་མའི་གྲངས་ཚད་ཀྱི་ཁོངས་ནས་སྤྱི་ཚོགས་ཞབས་ཞུ་གནང་མཁན་བཙུན་མ་གྲངས་ ༡༡དང་།རི་ཁྲོད་དུ་བཙུན་མ་གྲངས་ ༥དང་།ད་ལྟ་བཙུན་དགོན་དུ་བཞུགས་བཞིན་པའི་བཙུན་མ་ཁྱོན་ ༢༦༣ཡོད།འཛིན་གྲྭར་ཕེབས་ནས་ཡིག་རྒྱུགས་གཏོང་མཁན་བཙུན་མ་གྲངས་ ༡༧༠དང་།ལས་བྱེད་དང་སློབ་གཉེར་གྱི་ཞོར་དུ་དགོན་པའི་ཞབས་ཞུ་གནང་མཁན་བཙུན་མ་གྲངས་ ༢༤ཡོད།།།།
,
Himachal Pradesh,