༄༅། །སྔ་འགྱུར་སྒྲུབ་བརྒྱུད་ཆོས་འཕེལ་གླིང་དགོན་ནི། བོད་དུ་བྱང་གི་གནམ་མཚོ་ཕྱུག་མོའི་ཕྱོགས་མཚམས་བཞི་ན་དགོན་པ་བཞི་ཡོད་པ་ལས། ལྷོ་ཕྱོགས་ཀྱི་གུར་ཆུང་རྙིང་མ་དགོན་འདི་ཉིད་ཡིན་ཞིང་། བོད་དུ་དུས་འགྱུར་བྱུང་སྐབས་གཏོར་བཤིག་ཚབས་ཆེན་ཐེབས། གུར་ཆུང་བླ་མ་སྐུ་ཕྲེང་བདུན་པ་བློ་གྲོས་དཔལ་འབྱོར་བཟང་པོ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༧༤ ལོར་རྒྱ་གར་བྷན་དྷ་ར་ནོར་རྒྱས་གླིང་གཞིས་ཆགས་སུ་ཚོགས་ཁང་གསར་བཞེངས་ཀྱིས་ཞིང་སྒྲུབ་ལྷ་ཁང་དང་། ཚེས་བཅུ་ལྷ་ཁང་རིམ་པས་གསར་བཞེངས་གནང་། བོད་དང་བལ་ཡུལ་ས་མཚམས་སོགས་ནས་ཡིན་པའི་དགེ་འདུན་པ་རྣམས་ཀྱིས་རིག་འཛིན་འཛའ་ཚོན་སྙིང་པོའི་ཆོ་ག་དཀོན་མཆོག་སྤྱི་འདུས་དང་། ཞི་ཁྲོ་ངེས་དོན་སྙིང་པོ། ཞི་ཁྲོ་ཀར་གླིང་ཚོགས་ལེ་རིན་ཆེན་ཕྲེང་བ་སོགས་སྔ་འགྱུར་རྙིང་མའི་འདོན་ཆོ་ག་ཕལ་མོ་ཆེར་ཉམས་ལེན་དང་སློབ་སྦྱོང་ལ་བརྩོན་བཞིན་ཡོད། ད་ཆ་གྲྭ་རྒྱུན་ ༣༡ ཡོད་ཐོག གྲྭ་བཙུན་སྔགས་གསུམ་འཛོམས་པའི་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཞིག་ཡིན།། །།
Ngagyur Drupgyu Choepheling Tibetan Settlement P.O. Pratapgarh , Bhandara,
, 441702
༄༅། །ཨོ་རྒྱན་གླིང་ནི། རང་གཞུང་གི་ལམ་སྟོན་འོག་སྣང་སྤྲོ་ངག་དབང་ཕུན་ཚོགས་དང་། དབང་ཕྱུག་རབ་བརྟན་གཉིས་ཀྱིས་ཁུར་བཞེས་ཏེ་སྒྲུབ་གྲྭ་པ་ཐུན་མོང་ནས་འབད་བརྩོན་གྱིས་ཕྱི་ལོ་ ༡༩༧༣ ལོར་ཧོན་སུར་རབ་རྒྱས་གླིང་གཞིས་ཁོངས་སུ་དགོན་པ་གསར་བཞེངས་གནང་། དགོན་པའི་རྟེན་གཙོ་སྨན་འཇིམ་ལས་གྲུབ་པའི་གུ་རུ་རིན་པོ་ཆེའི་སྐུ་བརྙན་དང་། གསེར་ཟངས་ལས་གྲུབ་པའི་གུ་རུའི་སྐུ། གཞན་ཡང་ཐུབ་དབང་གི་སྐུ་དང་། སྤྱན་རས་གཟིགས། ཟངས་མདོག་དཔལ་རི། བཀའ་བརྒྱད་སོགས་ཀྱི་ཞལ་ཐང་བཞུགས་པ་མ་ཟད། གསུང་རྟེན་རྒྱལ་བའི་བཀའ་འགྱུར་དང་། རིན་ཆེན་གཏེར་མཛོད། འབུམ་རྒྱས་འབྲིང་བསྡུས་གསུམ། ཀློང་ཆེན་མཛོད་བདུན་སོགས་མང་དུ་བཞུགས། ཕྱི་ལོ་ ༡༩༩༠ ལོར་གཙུག་ལག་རྒྱ་བསྐྱེད་ལེགས་གྲུབ་ཀྱི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཆིབས་བསྒྱུར་གནང་སྟེ་རབ་གནས་ཐུགས་སྨོན་མཛད། ད་ལྟ་བླ་སྤྲུལ་དང་དགེ་འདུན་པ། སྔགས་པ་བཅས་བོད་དང་། བལ་ཡུལ། མོན། ལ་དྭགས། རྒྱ་གར་ས་གནས་གཞན་བཅས་ནས་ཕེབས་པ་ཞལ་གྲངས་ ༢༦ ཙམ་གྱིས་བྱང་གཏེར་དང་། ཀློང་སྙིང་སོགས་ལ་སྒྲུབ་པ་ཉམས་ལེན་དང་། ལོ་འཁོར་དུས་མཆོད་ཁག་སྨིན་སྒྲུབ་ཞུས་ཏེ་བསྟན་འགྲོར་སྨན་པའི་བྱ་བ་སྒྲུབ་བཞིན་ཡོད།། །།
,
Karnataka,
༄༅། །དགོན་བྱང་ཨོ་རྒྱན་མདོ་སྔགས་ཆོས་འཁོར་གླིང་ནི། དུས་རབས་ ༡༩ ནང་སྐུ་ཕྲེང་དྲུག་པ་རིག་འཛིན་པདྨ་ཆོས་འཕེལ་མཆོག་གིས་བོད་ཡུལ་དབུས་གཙང་གཏིང་སྐྱེས་སུ་ཕྱག་བཏབ། རྒྱ་གར་དུ་སྐུ་གོང་མའི་ཞལ་སློབ་མཐའ་བྲལ་རྡོ་རྗེ་མཆོག་གིས་ཕྱི་ལོ་ ༡༩༨༠ ལོར་འབྲས་ལྗོངས་སྒང་ཏོག་དུ་གསར་བཞེངས་གནང་། ཕྱི་ལོ་ ༡༩༨༡ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་བཀོད་དེ་ས་གཞི་བྱིན་རླབས་དང་ཐུགས་སྨོན་མཚམས་སྦྱོར་གནང་། སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་མཆོག་གིས་ཨོ་རྒྱན་མདོ་སྔགས་ཆོས་གླིང་ཞེས་པའི་མཚན་གསོལ། ཕྱི་ལོ་ ༡༩༩༥ ལོར་དགོན་བྱང་བཤད་གྲྭ་གསར་འཛུགས་གནང་། སྐྱབས་རྗེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བསླུ་མེད་ལུང་གིས་ཟིན་པ་ལྟར། བྱང་དགོན་མཆོག་སྤྲུལ་ཨོ་རྒྱན་འཇིགས་མེད་འཕྲིན་ལས་ཀུན་ཁྱབ་མཆོག་དབུ་བཞུགས་ཐོག་ད་ལྟའི་ཆར་སྒྲུབ་ཁང་དང་བཤད་གྲྭའི་བཞུགས་ཤག ཚོགས་ཁང་བཅས་བསྐྱར་བཞེངས་ཀྱིས་བོད་དང་། འབྲས་ལྗོངས། མོན། འབྲུག བལ་ཡུལ་བཅས་ནས་དགེ་འདུན་པ་ཞལ་གྲངས་ ༡༡༠ ཙམ་གྱིས་བྱང་པ་ཡབ་སྲས་ནས་བརྒྱུད་པའི་བྱང་གཏེར་སྒྲུབ་སྐོར་རྣམ་གསུམ་དང་། བཤད་གྲྭའི་སློབ་གཉེར་བ་རྣམས་ཀྱིས་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་གཞུང་ལུགས་ཁག་བཅས་ལ་འཆད་ཉན་གནང་བཞིན་ཡོད།། །།
,
Sikkim,
༄༅། །སྟག་ཤམ་ཡི་དམ་དགོངས་འདུས་ཨོ་རྒྱན་བསམ་གཏན་ཆོས་གླིང་ནི། གསང་ཆེན་སྔ་འགྱུར་རྙིང་མའི་དགོན་པ་རྡོ་དུང་དགོན་ཞེས་སྟག་ཤམ་སྐུ་ཕྲེང་དང་པོ་གཏེར་ཆེན་ནུས་ལྡན་རྡོ་རྗེ་མཆོག་གིས་ཕྱི་ལོ་ ༡༦༧༥ ལོར་སྤོ་བོའི་ཡུལ་དུ་ཕྱག་བཏབ། རྡོ་ལ་དུང་དཀར་རང་བྱུང་དུ་ཡོད་པས་རྡོ་དུང་དགོན་ཞེས་མཚན་ཆགས་ཤིང་། སྟག་ཤམ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཡིན། རབ་བྱུང་དང་སྔགས་པ་གཉིས་ཀས་ཉམས་ལེན་བྱེད་སའི་བསྟི་གནས་ཤིག་ཆགས་ཡོད། ༸གོང་ས་༸རྒྱལ་དབང་ལྔ་པ་ཆེན་པོ་སོགས་ཀྱི་བཀའ་ཤོག་དང་ཕྱག་ཐམ་གནང་བའི་དགོན་ཐོབ་ཀྱང་ཡོད། རྒྱ་གར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་འོག་སྟག་ཤམ་སྐུ་ཕྲེང་བདུན་པ་ཀརྨ་ཡོངས་འདུས་ཆོས་ཀྱི་ཉི་མ་མཆོག་གིས་སྟག་ཤམ་གདན་ས་གཉིས་པ་འདི་ཕྱི་ལོ་ ༡༩༧༨ ལོར་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཁོངས་སུ་ཕྱག་བཏབ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་བོད་ཀྱི་བླ་ཆེན་མང་པོ་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་དགོན་པ་ཞིག་ཡིན། གྲྭ་རྒྱུན་ ༣༦ ཡོད་པ་རྣམས་རང་ལུགས་སྟག་ཤམ་གྱི་ཕྱག་བཞེས་རྣམས་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོའི་ཆེད་བསླབ་པ་སློབ་གཉེར་ཞུ་བཞིན་ཡོད།། །།
,
Karnataka,
༄༅། །ཟིལ་གནོན་བཀའ་བརྒྱད་གླིང་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་དོན་བཞིན། བོད་བསྟན་སྲིད་མི་རིགས་ཀྱི་བདེ་དོན་ཆེད་དུ་སྐུ་སྒེར་ཡིག་ཚང་ནས་ཕྱི་ལོ་ ༡༩༧༨ ལོར་བཞུགས་སྒར་དྷ་བོད་ཀྱི་ཟློས་གར་ཚོགས་པའི་ས་ཁོངས་སུ་གསར་བཞེངས་ཀྱིས་སྔགས་འཆང་ཡེ་ཤེས་རྡོ་རྗེ་གནས་འཛིན་དུ་རྩིས་སྤྲོད་གནང་ཞིང་སྒྲུབ་གྲྭ་དང་། བཀའ་བརྒྱད་ལྷ་ཁང་། གྲྭ་ཤག་དང་མགྲོན་ཁང་བཅས་གསར་སྐྲུན་གནང་སྟེ། གྲྭ་ཚང་འདིའི་ཐུན་མིན་ཆོས་ཕྱོགས་ཀྱི་གནང་སྒོ་མཐའ་དག་མི་ཉམས་རྒྱུན་འཛིན་གནང་། ཕྱི་ལོ་ ༡༩༩༣ ལོར་ཁོང་སྐུ་གཤེགས་རྗེས་སྒོ་ཆེན་སྤྲུལ་སྐུ་གསང་སྔགས་མཆོག་གིས་འཛིན་སྐྱོང་གནང་ཞིང་། བཀའ་བརྒྱད་ཚོགས་མཆོད་དང་། དཀོན་མཆོག་སྤྱི་འདུས་ཚོགས་མཆོད། ཁྲོས་མའི་ཚོགས་མཆོད། ཚིག་བདུན་བླ་སྒྲུབ་ཚོགས་མཆོད་དང་བསྐང་གསོ་བཅས་དགེ་བཙུན་སྔགས་གསུམ་གྱིས་རང་ལུགས་ཆོས་སྤྱོད་ཀྱི་ཆོ་ག་ཕྱག་ལེན་གནང་གི་ཡོད་ཀྱང་། ཕྱི་ལོ་ ༢༠༡༩ ལོ་ནས་རྣམ་གྲོལ་གླིང་ནས་གྲྭ་རྒྱུན་གཏོང་ཐུབ་མེད་འཁོད་དང་། འདི་ལོའི་གྲྭ་བཙུན་སྔགས་གསུམ་འགེངས་ཤོག་ཏུ་ཞལ་གྲངས་མི་གསལ།། །།
Zilnon Kagyeling P.O. Mcleod Ganj,, Kangra,
, 176219
༄༅། །བ་རི་རིག་འཛིན་དགའ་ཚལ་གླིང་ནི། སྐད་གཉིས་སྨྲ་བ་བ་རི་ལོ་ཙཱ་བ་ཆེན་པོ་རིན་ཆེན་གྲགས་ཀྱི་གདུང་བརྒྱུད་འཛིན་པའི་དགོན་པ་ཞིག་ཡིན། བ་རི་བླ་མ་ཞུ་བ་ཞིག་གིས་བ་རི་བླ་བྲང་གསར་བཞེངས་བྱས་ཏེ་ཆོས་སྡེ་བཙུགས་པར་གྲགས། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བདུན་པ་རྗེ་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མས་རྗེས་སུ་བཟུང་བའི་བླ་མ་བ་རི་དཔལ་ལྡན་རིན་པོ་ཆེ་ཞུ་བ་ཞིག་ཀྱང་བྱུང་། བ་རིའི་གདུང་འཛིན་བླ་མ་དབང་རྒྱལ་རྡོ་རྗེ་མཆོག་གིས་བླ་མ་གོང་མ་རྣམས་ཀྱི་མཛད་རྗེས་དང་མཐུན་པར་དུས་འགྱུར་མ་བྱུང་བར་དུ་བསྐྱངས། རྒྱ་གར་དུ་བ་རི་བླ་མ་ཀློང་གསལ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༨༣ ལོར་སྒང་ཏོག་ཤར་རི་ཁུལ་དུ་དགོན་སྡེ་འདི་ཉིད་ཕྱག་བཏབ། བར་སྐབས་བླ་མ་བ་རིའི་གདུང་འཛིན་འཇིགས་མེད་བཟང་པོ་མཆོག་དབུ་བཞུགས་ཐོག་བོད་དང་། མོན། འབྲས་ལྗོངས། ཤར་པ། རྟ་མང་བཅས་ཀྱི་དགེ་འདུན་པ་ཞལ་གྲངས་ ༡༡ ཙམ་གྱིས་རང་ལུགས་ཆོས་སྤྱོད་སློབ་གཉེར་གནང་སྒོ་ཁག་རྒྱུན་འཛིན་གནང་གི་ཡོད་ཀྱང་། ད་ཆ་གྲྭ་པའི་ཞལ་གྲངས་ ༢ ལས་མེད།། །།
,
Sikkim,
༄༅། །པདྨ་གསང་སྔགས་ཆོས་འཁོར་གླིང་ནི། བོད་ལྗོངས་སྐྱིད་གྲོང་རྫོང་ཁོངས་རུས་སྙིང་གླང་ཐང་ཞེས་པར་བཀའ་བརྒྱུད་པའི་བླ་མ་ཞང་རིན་པོ་ཆེ་མཆོག་གིས་ཕྱག་བཏབ་གནང་བའི་ལྷ་སྒང་དགོན་དང་། རྣ་རྒ་དགོན། ལྷ་བདུན་དགོན་བཅས་ཆོས་གཞིས་རྒྱ་ཆེན་པོ་བྱུང་། ཐོག་མར་རབ་བྱུང་གི་སྡེ་དར་ཡང་རྗེས་སུ་སྔ་འགྱུར་རྙིང་མའི་ཕྱོགས་སྔགས་པ་ཁོ་ནའི་ཆོས་གཞིས་སུ་གྱུར་ཏེ། བོད་ས་མ་ཤོར་བར་དུ་གནས། རྒྱ་གར་དུ་སྔ་འགྱུར་རྙིང་མ་པའི་དགོན་ཆེན་དྲུག་གི་ཡ་གྱལ་རྒྱལ་བ་དཔལ་ཡུལ་པའི་གདན་རབས་བཅུ་གཅིག་པ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གིས་མཐུན་རྐྱེན་གནང་སྟེ། ཕྱི་ལོ་ ༢༠༠༠ ལོར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཁོངས་གྲོང་སྡེ་གཉིས་པའི་ནང་དགོན་པའི་རྨང་བཏིང་། ཕྱི་ལོ་ ༢༠༠༧ ལོར་རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ། དེང་སྐབས་སྔགས་པ་ཞལ་གྲངས་ ༡༨ ཙམ་གྱིས་རྟོགས་པའི་བསྟན་པ་རིན་པོ་ཆེ་མི་ཉམས་རྒྱུན་སྐྱོང་གནང་བཞིན་ཡོད།། །།
,
Karnataka,
༄༅། །དགའ་གདོང་གསལ་བྱེད་གླིང་གྲྭ་ཚང་ནི། ཞིག་པོ་ཤེས་རབ་ཞུ་བས་ཕྱག་བཏབ་ཅིང་སེ་འབྲས་དགེ་གསུམ་མ་བྱུང་གོང་དུ་དགའ་སྐྱོ་ཟུལ་གསུམ་ཞེས་དབུས་ཀྱི་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་དགའ་གདོང་ཞེས་པའི་གདན་ས་དེ་ཡིན། སྐབས་དེའི་ཆོས་བརྒྱུད་བཀའ་གདམས་རྙིང་མ་པ་ཡིན་ཞིང་ཕྱིས་བླ་མ་དབུ་མ་པ་དང་རྗེ་ཙོང་ཁ་པ་རྣམ་པ་གཉིས་ཀྱང་གདན་ས་དེར་བཞུགས་པ་མ་ཟད། རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེ་བླ་མར་ཞལ་གཟིགས་གནང་ཡུལ་གྱི་གནས་བྱིན་རླབས་ཅན་དེ་ཡིན། རྗེས་སུ་རྙིང་ཕྱོགས་རྐང་འཛིན་བྱེད་པའི་ཆོས་སྐྱོང་ཆེན་པོའི་བསྟི་གནས་དགའ་གདོང་གསལ་བྱེད་གླིང་གྲྭ་ཚང་བྱུང་། རྒྱ་གར་དུ་ཕྱི་ལོ་ ༡༩༨༦ ལོར་སྐུ་རྟེན་བསྟན་འཛིན་དབང་གྲགས་མཆོག་གིས་བཞུགས་སྒར་གངས་ཅན་སྐྱིད་གཤོངས་སུ་སླར་གསོ་གསར་བཞེངས་ཞུས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འབྱེད་བཀའ་དྲིན་བསྐྱངས། དེང་སྐབས་བོད་རིགས་དང་། མོན། ལ་དྭགས་བཅས་ཀྱི་དགེ་འདུན་པ་ཞལ་གྲངས་ ༡༡ ཙམ་བཞུགས་པ་རྣམས་ཀྱིས་སྔར་སྲོལ་ལྟར་ཆོས་སྤྱོད་ཁག་དང་། བསྐང་གསོ་སོགས་བློ་འཛིན། ཆོ་ག་ཕྱག་ལེན་སོགས་རྡོ་བྲག་གི་ཕྱག་སྲོལ་རང་ལུགས་རྐང་འཛིན་ཐོག་རིགས་ལམ་དང་། སྤྱོད་འཇུག་ཆེན་མོ་སོགས་ཐུན་མོང་བློ་སྦྱོང་དང་བོད་ཀྱི་རིག་གནས་ཁག་ལ་སློབ་གཉེར་གནང་བཞིན་པའོ།། །།
Gadhong Selje Ling Gangchen Kyishong P.O. Dharamsala, Kangra
Himachal Pradesh, 176215
༄༅། །ཕུན་ཚོགས་པདྨ་ཆོས་འཁོར་གླིང་ནི། སྔ་འགྱུར་བསྟན་པའི་གཙུག་རྒྱན་བདུད་འཇོམས་རིན་པོ་ཆེ་མཆོག་དང་། རྡོར་གླིང་ཚེས་བཅུ་ཚོགས་པ་ཐུན་མོང་གིས་ཕྱི་ལོ་ ༡༩༦༡ ལོར་རྡོར་གླིང་དུ་གསར་བཞེངས་བྱས། གྲུབ་དབང་པད་ནོར་རིན་པོ་ཆེའི་སྐུ་ཚབ་བླ་མ་ཟླ་བ་རྒྱལ་མཚན་མཆོག་དབུ་བཞུགས་གནང་སྟེ། དགོན་འདིའི་ཐོག་མཐའ་བར་གསུམ་གྱི་འཛིན་སྐྱོང་གནང་བཞིན་པ་དང་། དགེ་འདུན་པའི་ཞལ་གྲངས་ ༣༤ ཡོད།། །།
,
Sikkim,