༄༅། །འབྲི་གུང་གྲུ་འཛིན་ཐེག་མཆོག་གླིང་ངམ་སྨྱུང་གནས་ལྷ་ཁང་ནི། སྦིར་བོད་ཚོགས་ཀྱི་གཞིས་མི་ཚེ་འདས་ཡོ་རེ་ཚང་བརྩོན་འགྲུས་སེངྒེ་ལགས་ཀྱིས་༸སྐྱབས་རྗེ་དབོན་སྤྲུལ་རིན་པོ་ཆེ་མཆོག་ལ་དེ་གའི་ས་གནས་སུ་འདི་ཕྱི་གཉིས་ཀྱི་༸སྐྱབས་གནས།འཛམ་གླིང་ཞི་བདེའི་དེད་དཔོན།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་དང་།གཞན་ཡང་ཆོས་ཕྱོགས་དང་འབྲེལ་བའི་ཞབས་རིམ་ཞུ་སྒོ་ཁག་གི་ཆེད་དུ་འདུ་འཛོམས་ཞུ་ས་དགོས་གལ་སྙན་གསེང་སྐྱབས་འཇུག་ཞུས་དོན་ལྟར་རིན་པོ་ཆེ་ནས་ས་ཆ་རིན་མེད་གནང་། ཕྱི་ལོ་༢༠༠༨ལོར་འདས་པོ་ཁོང་རང་ཉིད་ཀྱིས་དཔལ་འབྱོར་རོགས་དངུལ་ཐབས་འཚོལ་གནང་སྟེ་གསར་བཞེངས་གནང་སྟེ།སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་༸སྐྱབས་རྗེ་འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག་གདན་འདྲེན་ཞུས་ནས་དབུ་འབྱེད་གནང་། མི་མང་གིས་ལོ་ལྟར་སྨྱུང་གནས་དང་།ཚེས་བཟང་དུས་བཟང་སྐབས་ཞབས་རིམ་གསོག་སྒྲུབ་གནང་དང་གནང་བཞིན་པ་ཡིན།། །།
Drongtoe Rd, Bir Colony ,
Himachal Pradesh, 175032
༄༅། །འཛི་སྒར་བཀྲ་ཤིས་ཐུབ་བསྟན་ཆོས་འཁོར་དགེ་འཕེལ་གླིང་ནི། དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་མཆོག་གིས་ངོས་འཛིན་གནང་བ་༸སྐྱབས་རྗེ་འཛི་སྒར་སྐུ་ཕྲེང་དགུ་པ་འཇིགས་མེད་མི་ཕམ་བསྟན་པའི་ཉི་གཞོན་མཆོག་གིས་སྦིར་སྡེ་དགེའི་ཁོངས་གཏོགས་ཅོན་ཏ་ར་གཞིས་མི་ནས་ས་ཆ་ཕུལ་བ་བཞིན།ཕྱི་ལོ་༡༩༧༤ལོར་སྦིར་སྡེ་དགེའི་གཞིས་ཁོངས་སུ་བྱེས་ཀྱི་གདན་ས་དང་པོ་འདི་ཉིད་ཕྱག་བཏབ་སྟེ། བཤད་སྒྲུབ་སྔགས་གསུམ་གྱི་མཛད་པ་བསྐྱངས་ས་གཙོ་བོར་གནང་། ཕྱི་ལོ་༡༩༨༠ལོ་ནས་གནས་ཆེན་མཚོ་པདྨ་རུ་དགོན་པ་གསར་བཞེངས་གནང་སྟེ་དགོན་པ་གནས་སྤོ་དང་། སྦིར་སྡེ་དགེའི་གཞིས་ཁོངས་ཀྱི་འཛི་སྒར་དགོན་པར་གྲྭ་པ་བཞི་སྡེ་ཞིག་གཏན་བཞུགས་ཀྱིས་མགོན་ཁང་དང་། དུས་མཆོད། ཉིན་རེའི་གནང་སྒོ་ཁག་རྒྱུན་ཆད་མེད་པར་བསྒྲུབས་དང་སྒྲུབ་བཞིན་པའོ།། །།
,
Himachal Pradesh,
༄༅། །གཏེར་སྒར་རིག་འཛིན་མཁའ་སྤྱོད་དར་རྒྱས་གླིང་ནི། བོད་གཞིས་ཀྱི་གཏེར་སྒར་དགོན་པའི་ཡན་ལག་སྟེ་༸སྐྱབས་རྗེ་ཡོངས་དགེ་མི་འགྱུར་རྡོ་རྗེ་མཆོག་གིས་ཕྱི་ལོ་༢༠༠༣ལོར་བྱེས་ཀྱི་གདན་ས་དང་པོ་འདི་ཉིད་ཕྱག་བཏབ་སྟེ་རྟེན་དང་བརྟེན་པ་བཅས་ལེགས་པར་གྲུབ། དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དབུས་པས་བཀའ་བརྒྱུད་པའི་སྟོན་འཁོར་འདུས་མང་ནས་དབུ་འབྱེད་མཛད། ལོ་ལྟར་བཀའ་བརྒྱུད་པའི་སྨོན་ལམ་ཆེན་མོ་དང་དགུན་ཆོས་ཚོགས་སའི་བསྟི་གནས་སུ་གྱུར། དེང་སྐབས་༸སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་མཆོག་གི་ལམ་སྟོན་འོག་དགེ་འདུན་པ་ཞལ་གྲངས་༡༨༦ཉེ་བས་བོད་ཀྱི་རིག་གནས་སྤྱི་དང་། ཁྱད་པར་ནང་པ་སངས་རྒྱས་པའི་ཆོས་ཀྱི་གཞུང་ལུགས་དང་བཅས་པར་སློབ་གཉེར་གནང་བཞིན་པ་མ་ཟད། ཨིན་སྐད་དང་ཧིནྡཱིའི་སྐད་བཅས་གཞི་རིམ་གྱི་ཤེས་ཡོན་ཚད་ལྡན་གནང་བཞིན་པའི་ཐོགབཀའ་བརྒྱུད་མཐོང་བ་བརྒྱུད་པའི་ཕྱག་ལེན་དུས་མཆོད་དང་འདོན་ཆོ་གའི་རིམ་པ་དག་ཀྱང་མ་ཉམས་རྒྱུན་འཛིན་གནང་དང་གནང་མུས་ཡིན།། །།
,
Bihar,
༄༅། །བཙུན་དགོན་དཔལ་སྤུངས་ཡེ་ཤེས་རབ་རྒྱས་གླིང་ནི། རྒྱ་གར་དུ་བྱམས་མགོན་རྡོ་རྗེ་འཆང་གི་ཐུགས་དགོངས་ལྟར་གདན་སའི་ཚོགས་པས་ཕྱི་ལོ་༢༠༠༧ལོར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་ཁོངས་ཀུ་ལུ་བྷ་ཇོ་ར་ས་གནས་སུ་བྱེས་ཀྱི་དགོན་སྡེ་འདི་ཉིད་གསར་བཞེངས་གནང་ཞིང་།དཔལ་སྤུངས་ཡེ་ཤེས་རབ་རྒྱས་གླིང་ཞེས་པའི་མཚན་གསོལ་མཛད། ཕྱི་ལོ་༢༠༡༣ལོར་འགོ་བཙུགས་ཀྱིས་གཙུག་ལག་ཁང་དང་།ཡང་ཐོག་གཟིམ་ཆུང་།བཙུན་མའི་ཤགའཛིན་ཁང་སོགས་གདན་སའི་འཛིན་སྐྱོང་ཚོགས་པས་མཐུན་འགྱུར་དང་ལས་སྣེ་ཡོངས་ཀྱིས་འབད་བརྩོན་ལ་བརྟེན་ནས་ཕྱི་ལོ་༢༠༡༨ལོར་ཕྱི་ནང་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལེགས་གྲུབ་བྱུང་། དེང་སྐབས་བཙུན་མ་ཞལ་གྲངས་༡༧༥ཙམ་གྱིས་ཡི་གེ་འབྲི་ཀློག་ནས་བཟུང་ཨིན་ཡིག་དང་ཧིནྡཱི།ཨང་རྩིས་བཅས་ལོ་རིམ་གསུམ་པ་བར་དང་། རིག་གནས་དང་གཞུང་ཆེན་བཀའ་པོད་ལྔ་བཅས་ལ་ལོ་རིམ་དགུ་བར་གཏན་འབེབས་ཀྱིས་སྦྱང་བརྩོན་གནང་བཞིན་པ་མ་ཟད། སྨན་རྩིས་རིག་གནས་དམིགས་བསལ་ཐོག་གདན་སའི་རིག་གནས་མཐོ་སློབ་ཏུ་ཆེད་ཞུགས་བྱས་ཏེ།ལོ་རིམ་བརྒྱད་མཐར་ཕྱིན་རྗེས་སྨན་རྩིས་བསྡུས་ར་བ་དང་། བཀའ་བཅུ་པ་བཅས་ཆེད་ཐོན་བྱ་རྒྱུའི་མཐུན་ཆ་ཚང་ཡོད། དཔལ་སྤུངས་པའི་སྔ་སྲོལ་ལྟར་ཆོ་ག་ཕྱག་ལེན་དང་འབུད་རྡུང་བཀྲོལ་གསུམ། གཏོར་བཟོ་རྒྱན་བཀོད་སོགས་སྒྲུབ་སྡེ་བྱང་ཆུབ་བསམ་གཏན་གླིང་དུ་མར་མི་དྭགས་གསུམ་གྱི་བླ་སྒྲུབ་དང་། ཡི་དམ་ཕག་བདེ་རྒྱུད་གསུམ་གྱི་བསྙེན་སྒྲུབ། ཟབ་ལམ་ནཱ་རོ་ཆོས་དྲུག་དང་ཤངས་པའི་གསེར་ཆོས་ནི་གུ་ཆོས་དྲུག་སོགས་གདན་སའི་མཐོང་བ་བརྒྱུད་པ་ལྟར་ལོ་གསུམ་ཕྱོགས་གསུམ་གནང་གྲུབ་པ་བཅས། བཙུན་མ་རྣམས་ཀྱིས་མཐོང་བ་བརྒྱུད་པའི་ཆོ་ག་ཕྱག་ལེན་དང་གཞུང་ཆེན་ཁག་ལ་སློབ་གཉེར་གནང་གྲུབ་རྗེས་སྐྱོར་དཔོན་དང་།སློབ་དཔོན། མཁན་མོ་སོགས་གདན་སའི་བཙུན་པའི་སྡེ་དང་གཅིག་མཚུངས་ལྟར་གནང་སྟེ། གདན་ས་དཔལ་སྤུངས་ཤེས་རབ་གླིང་གི་འཛིན་སྐྱོང་ཚོགས་པ་དང་བླ་བྲང་གིས་གཟིགས་སྐྱོང་འོག་བཙུན་དགོན་འདི་དར་རྒྱས་འགྲོ་བཞིན་ཡོད།། །།
,
Himachal Pradesh,
༄༅། ། བཀའ་རྙིང་བཤད་སྒྲུབ་གླིང་ནི། ༸སྐྱབས་རྗེ་ཨོ་རྒྱན་རིན་པོ་ཆེ་དང་།མ་ཡུམ་ཀུན་བཟང་བདེ་ཆེན།༸སྐྱབས་རྗེ་རྩི་ཀེ་མཆོག་གླིང་རིན་པོ་ཆེ།༸སྐྱབས་རྗེ་ཆོས་ཀྱི་ཉི་མ་རིན་པོ་ཆེ་བཅས་ཀྱིས་ཕྱི་ལོ་ ༡༩༧༦ ལོར་བལ་ཡུལ་གྱི་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་ཉེ་འདབས་སུ་དགོན་པ་གསར་བཞེངས་གནང་། ༸རྒྱལ་དབང་ཀརྨ་པ་རིག་པའི་རྡོ་རྗེ་མཆོག་གིས་དབུ་འབྱེད་དང་རབ་གནས་མཛད། དེ་ནས་༸སྐྱབས་རྗེ་མཁན་ཆེན་ཁྲ་འགུ་རིན་པོ་ཆེ་དབུ་བཞུགས་ཀྱིས་གཞི་གསུམ་གྱི་ཕྱག་ལེན་དབུ་བཙུགས་ཏེ།ད་བར་ཆད་མེད་དུ་གནས་ཡོད་པའི་སྟེང་གནའ་དེང་རིག་གནས་སྤྱི་དང་། ཁྱད་པར་དུ་མདོ་སྔགས་གཞུང་ལུགས་དང་བཅས་པར་གཞི་རིམ་དང་།འབྲིང་རིམ།སངས་རྒྱས་ཡེ་ཤེས་ཆེས་མཐོའི་བཤད་གྲྭ་རྣམས་སུ་ཐོས་བསམ་བྱེད་ཀྱི་ཡོད། དེ་བཞིན་ཤར་ནུབ་ཀྱི་མི་རིགས་ཡོངས་ནས་སྟོན་པ་ཤཱཀྱའི་དབང་པོའི་བསྟན་པའི་གནད་དོན་རྟོགས་སླད་རང་བྱུང་ཡེ་ཤེེས་བཤད་གྲྭ་དང་། བལ་ཡུལ་མི་མང་གི་ཆེད་བོ་དྷི་ཛྙཱ་ན་ཞེས་པའི་ཡན་ལག་སློབ་གྲྭ་བཙུགས་ཡོད། ཆོ་ག་ཕྱག་བཞེས་ནི།གཏེར་ཆེན་མཆོག་གླིང་གི་ཟབ་གཏེར་གྱི་སྲོལ་བཟང་གཏོར་བཟོ་དཀར་རྒྱན་དང་། འབུད་རྡུང་དཀྲོལ་གསུམ། གར་ཐིག་དབྱངས་གསུམ་བཅས་ཚོགས་མཆོད་དང་།དགུ་གཏོར། བཀའ་བརྒྱུད་མགུར་མཚོ་དང་མི་ལའི་བླ་སྒྲུབ་ཟུང་སྦྲེལ་དབྱར་གནས་བཅས་ལོ་ལྟར་ཆད་མེད་གནང་བཞིན་ཡོད། དེ་བཞིན་ལོ་གསུམ་བཅད་རྒྱ་གནང་བའི་སྒྲུབ་བླ་དང་།བཤད་གྲྭ་མཐར་ཕྱིན་པའི་མཁན་པོ་དང་། སློབ་དཔོན་མང་པོ་བྱོན་དང་འབྱོན་བཞིན་ཡོད།། །།
,
Kathmandu,
༄༅། །དཔལ་ཐུབ་བསྟན་ངེས་དོན་བཤད་སྒྲུབ་དར་རྒྱས་གླིང་ནི། དགེ་རྒྱལ་བར་མ་དཔོན་བླ་མ་ཀུན་དགའ་གྲགས་པ་མཆོག་གིས་ཕྱི་ལོ་༡༩༨༥ལོར་༸སྐྱབས་རྗེ་ཨཱ་འཛིན་སྐུ་ཕྲེང་གཉིས་པ་ཀརྨ་ཚུལ་ཁྲིམས་མཐར་ཕྱིན་མཆོག་གི་ཐུགས་དགོངས་རྫོགས་ཕྱིར་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འདབས་སུ་ཕྱག་འདེབས་དབུ་བཙུགས་ཀྱིས་ཕྱི་ལོ་༡༩༩༠ལོར་གསར་བཞེངས་ལེགས་གྲུབ་བྱུང་སྟེ། ༸སྐྱབས་རྗེ་བློ་བཟང་རིན་པོ་ཆེ་དང་ཁྲ་རིག་དཔལ་ཀླུ་རིན་པོ་ཆེ་རྣམ་གཉིས་ཀྱིས་རབ་གནས་མཛད། དགེ་འདུན་གྱི་སྡེ་བཙུགས་ཏེ་ད་ཆ་འདུས་སྡེ་༡༨༤ཙམ་གྱིས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་རང་ལུགས་གཞིར་བཟུང་ནས་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒྲུབ་བརྒྱུད་བསྟན་པ་རིན་པོ་ཆེ་ཉམས་མེད་རྒྱུན་སྐྱོང་གནང་གི་ཡོད། བྱམས་མགོན་ཀན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་རྟེན་གསུམ་རབ་གནས་དང་བཅས་དཔལ་ཐུབ་བསྟན་ངེས་དོན་བཤད་སྒྲུབ་དར་རྒྱས་གླིང་ཞེས་མཚན་གསོལ། གདན་ས་དཔལ་སྤུངས་ཤེས་རབ་གླིང་ནས་དགེ་བའི་བཤེས་གཉེན་སེངྒེ་ལ་སོགས་གདན་དྲངས་ཏེ་བོད་ཀྱི་རིག་གནས་སྤྱི་དང་། ཁྱད་པར་དུ་དཔལ་ལྡན་ཀརྨ་ཀཾ་ཚང་གི་མཐོང་བ་བརྒྱུད་པའི་ཕྱག་ལེན་མ་ཉམས་རྒྱུན་འཛིན་གནང་བཞིན་ཡོད།། །།
,
Kathmandu,
༄༅། །ལི་པིང་ངེས་དོན་བདེ་ཆེན་འོད་གསལ་གླིང་ངམ་འཕགས་སྐལ་སེང་བྲག་སྒྲུབ་སྡེ་ནི། བོད་དུ་དིང་རིའི་ཕུ་ན་རྗེ་རྒོད་ཚང་པའི་སྒྲུབ་གནས་ཤར་སྟོད་སེངྒེ་ལྡིང་དང་ཉེ་བར་སེངྒེ་བྲག་ཅེས་པའི་རི་ཁྲོད་དེར་བཞུགས་པའི་བླ་མའི་སྐུ་ཕྲེང་རིམ་བྱོན་ལ་སེང་བྲག་རིན་པོ་ཆེ་ཞེས་གྲགས།སེང་བྲག་སྐུ་ཕྲེང་གསུམ་པས་ཤྲཱི་ནེའུ་རིངས་དགོན་པའི་དབུ་བླ་ཡུན་རིང་གནང་། རིམ་པས་ནེའུ་རིངས་མཆོག་སྤྲུལ་ནར་སོན་ཏེ་དགོན་གནས་རྩིས་འབུལ་ཞུས་རྗེས། རི་དྭགས་རྙི་ལས་ཐར་བ་བཞིན་སྤྲོས་མེད་བྱ་བྲལ་གྱིས་དབེན་གནས་རི་ཁྲོད་ངེས་མེད་དུ་སྒྲུབ་པ་ཉམས་བཞེས་མཛད།སྐབས་ཤིག་ཀླུ་རྩེའི་ས་གནས་སུ་སྤྲོས་མེད་བྲག་ཕུག་ཅིག་ཏུ་བཞུགས་སྐབས་གསོལ་དར་རྫ་ཆུང་གང་ཡོད་པ་དེ་ལྷུང་བས།བསྟན་པ་དར་བའི་རྟེན་འབྲེལ་དུ་གཟིགས་པའི་ཁར་ཉེ་འཁོར་གྱི་ཡུལ་སྡེ་དབྱི་གུ་ཤར་དང་།གླིང་ཤར།གད་དམར་སོགས་ཀྱི་ཕྱོགས་དེའི་དད་ལྡན་རྣམས་ཀྱིས་ཀྱང་བླ་མ་རིན་པོ་ཆེ་གནས་དེར་གཏན་བཞུགས་ཡོང་བར་གསོལ་བ་བཏབ་པ་ལྟར་ཞལ་བཞེས་ཀྱིས་རི་ཁྲོད་སྤྲོས་མེད་ཅིག་གསར་འདེབས་མཛད་ཅིང་།མཚན་ལ་ཀླུ་རྩེ་བསམ་གཏན་ཆོས་གླིང་ཞེས་བླ་མ་ཉིད་ཀྱིས་བཏགས་པར་མཛད།ཕྱིས་སུ་དད་ལྡན་ཀུན་གྱིས་སེངྒེ་བྲག་དགོན་ཞེས་པའི་མཚན་འབོད།ཕྱི་ལོ་༡༩༥༩ལོར་རྒྱ་དམར་གྱིས་བོད་ས་བཙན་བཟུང་བྱས་རྗེས་རིག་གནས་གསར་བརྗེའི་སྐབས་སུ་དགོན་པ་རྩ་གཏོར་བཏང་།འོན་ཀྱང་ལོ་རབས་དགུ་བཅུའི་ནང་ཅུང་ཟད་ཉམས་གསོ་དང་སྦྲགས་ཆོས་སྤྱོད་ཀྱི་བྱ་བའི་རྒྱུན་འཛིན་མི་ཉམས་པ་གནས་མུས་ཡིན། བཙན་བྱོལ་ནང་བལ་ཡུལ་དུ་༸སྐྱབས་རྗེ་ཤྲཱི་སེངྒེ་བྲག་སྐུ་ཕྲེང་ལྔ་པ་ངག་དབང་འགྱུར་མེད་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཕྱི་ལོ་༡༩༧༥ལོར་སྦག་ཁང་ཞེས་པའི་ས་གནས་སུ་༸སྐྱབས་རྗེ་ཁྲི་དཔོན་ཡབ་སྲས་ཀྱི་སློབ་འབངས་གྲྭ་བཙུན་གྲངས་༥༠སྐོར་དང་མཉམ་དུ་དོན་གྲུབ་སྡིངས་སྒྲུབ་དགོན་ཕྱག་བཏབ། ཕྱིས་སུ་ལི་པིང་ཞེས་བལ་བོད་ས་མཚམས་སུ་ངེས་དོན་བདེ་ཆེན་འོད་གསལ་གླིང་སྒྲུབ་སྡེ་དང་། ཚོགས་ཁང་མཐར་མ་ཎི་དུང་འཁོར། མ་ཎི་ཆུ་འཁོར་བཅས་གསར་བཞེངས་གནང་། སྒྲུབ་གནས་སུ་དགེ་འདུན་པ་རྣམས་ཀྱིས་ལོ་གསུམ་ཕྱོགས་གསུམ་བཅད་རྒྱའི་ཐོག་འབྲུག་ལུགས་ཐུན་མིན་གྱི་ཉམས་བཞེས་ནཱ་རོ་ཆོས་དྲུག་དང་།རོ་སྙོམས།ཐུགས་དམ་སྒྲུབ་ཐབས་སྐོར་ལྔ། འབྲས་བུ་རྟེན་འབྲེལ་རབས་བདུན།ལམ་ཟབ་བླ་མའི་རྣལ་འབྱོར་སོགས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་སྒྲུབ་པ་ཉམས་ལེན་གནང་གི་ཡོད། ཕྱི་ལོ་༢༠༡༥ལོར་ས་འགུལ་ཆེན་པོ་དེའི་རྐྱེན་པས་བལ་ཡུལ་རྒྱལ་སའི་ཉེ་འདབས་འཕགས་སྐལ་ཞེས་པར་དགེ་འདུན་པ་རྣམས་ཀྱི་བཞུགས་གནས་གྲྭ་ཤག་དང་།ལྕགས་ཤོག་གི་ཚོགས་ཁང་གསར་སྐྲུན་ཞུས་ཏེ་མ་འོངས་ལས་འཆར་ཁོངས་སུ་འདི་ལོ་འདུ་ཁང་བཞེང་འཆར་ཡོད་པ་དང་།དེང་གི་ཆར་དགེ་མདུན་པ་༢༣ཙམ་གྱིས་སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་བཞིན་ཡོད།། །།
,
Kathmandu,
༄༅། །བཙུན་དགོན་འོད་གསལ་ཀརྨ་ཐེག་མཆོག་གླིང་ནི། བོད་དུ་༸སྐྱབས་རྗེ་མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་སྦས་ཡུལ་ཡོལ་མོ་གངས་ར་ཞེས་པའི་སྒྲུབ་གནས་སྟག་ཕུག་སེངྒེ་རྫོང་དུ་སྟག་ཕུག་མཉམ་ཉིད་གླིང་ཞེས་པའི་སྒྲུབ་སྡེ་གསར་བཞེངས་གནང་། དེའི་ཉེ་འཁྲིས་སུ་རྒྱལ་བ་རྒོད་ཚང་པའི་སྒྲུབ་གནས་རྒོད་ཐང་གི་གནས་སུ་རྒོད་ཐང་བདེ་ཆེན་གླིང་ཞེས་པའི་དགོན་པ་གསར་བཞེངས་གནང་། བལ་ཡུལ་དུ་ཕྱི་ལོ་༢༠༠༥ལོར་སྒྲུབ་སྡེ་རྒྱ་བསྐྱེད་ཀྱིས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འདབས་སུ་བཙུན་དགོན་འོད་གསལ་ཀརྨ་ཐེག་མཆོག་གླིང་འདི་ཉིད་གསར་བཞེངས་གནང་སྟེ།འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་གསོག་པའི་ཞིང་སར་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་ལེགས་པར་གྲུབ་སྟེ།ད་ཆ་བཙུན་མ་༦༨ཀྱིས་རྒྱུན་འཛིན་གནང་བཞིན་ཡོད།། །།
,
Kathmandu,
༄༅། །བན་ཆེན་ཕུན་ཚོགས་དར་རྒྱས་གླིང་དགོན་ནི། དུས་རབས་བཅུ་བདུན་པར་སངས་རྒྱས་མཉན་སྤྲུལ་བཞི་པ་དགེ་ལེགས་རྒྱ་མཚོས་མདོ་ཁམས་སྒ་སྟོད་དུ་ཕྱག་བཏབ་ཅིང་།བྱེས་སུ་ཕྱི་ལོ་༡༩༨༦ལོར་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་གིས་བལ་ཡུལ་འཕགས་པ་ཤིང་ཀུན་གྱི་ཉེ་འདབས་སུ་གཙུག་ལག་ཁང་གི་རྟེན་དང་བརྟེན་པ་བཅས་གསར་བཞེངས་གནང་།དེ་ཡ་གྱལ་བལ་ཡུལ་ཡང་ལེ་ཤོད་ཀྱི་སྒྲུབ་སྡེ་འོད་གསལ་གླིང་དང་།བཙུན་མའི་སྒྲུབ་སྡེ་ཨཱརྱ་ཏཱ་ར་གླིང་། གཞི་རིམ་སློབ་གྲྭ་མཁྱེན་རབ་པད་ཚལ་གླིང་བཅས་གསར་བཞེངས་གནང་། ཕྱི་ལོ་༢༠༠༤ལོར་ཡང་ལེ་ཤོད་ཨ་སུ་རའི་སྒྲུབ་ཕུག་གི་ཉེ་འདབས་སུ་བཤད་གྲྭ་ནང་བསྟན་ཐོས་བསམ་གླིང་གི་རྟེན་དང་བརྟེན་པ་བཅས་གསར་བཞེངས་གནང་། སློབ་གཉེར་གནང་ཕྱོགས་ནི།གྲྭ་ཚང་དུ་བཀའ་གཏེར་གསར་རྙིང་གི་རྒྱུད་སྡེ་རྣམས་འདོན་སྒྲིག་དང་། གར་ཐིག་དབྱངས་གསུམ། གཏོར་བཟོ་བཤམས་བཀོད། བསྐྱེད་རྫོགས་ཀྱི་ཉམས་ལེན་ཐོག་བརྡ་དག་སྙན་གསུམ་དང་། གཞུང་ཆེན་ཁག་ལ་རང་རང་སོ་སོའི་རྒྱུད་ཚོད་དང་བསྟུན་ཏེ་ཐོས་བསམ་སློབ་གཉེར་གནང་བཞིན་ཡོད་པ་མ་ཟད། ལོ་ལྟར་བོད་ཟླ་དང་པོའི་སྨོན་ལམ་ནས་བཟུང་རྒྱུད་སྡེ་རྣམས་ཀྱི་རས་བྲིས་དང་རྡུལ་ཚོན་གང་རུང་ལ་བརྟེན་པའི་སྒྲུབ་མཆོད་ཁག་སྨིན་སྒྲུབ་གནང་བཞིན་ཡོད། སྒྲུབ་གྲྭ་རུ་ཕྱག་ཆེན་སྔོན་འགྲོ་ནས་བཟུང་ལོ་གསུམ་ཕྱོགས་གསུམ་གྱི་རིང་ཐབས་ལམ་ནཱ་རོ་ཆོས་དྲུག་དང་། གྲོལ་ལམ་ཕྱག་རྒྱ་ཆེན་པོ། རྩ་གསུམ་ལྷ་ཚོགས་རྣམས་ཀྱི་བསྐྱེད་རྫོགས་བསྙེན་སྒྲུབ་བཅས་ཉམས་སུ་བཞེས་བཞིན་ཡོད། བཤད་གྲྭ་རུ་གཙོ་བོ་རང་ལུགས་མདོ་སྔགས་གཞུང་ཆེན་བརྒྱད་དང་། དེ་བཞིན་བརྡ་དག་སྙན་གསུམ་དང་རྒྱལ་རབས་ཆོས་འབྱུང་སོགས་ལ་སློབ་གཉེར་གནང་གི་ཡོད། དེ་བཞིན་དགེ་འདུན་པ་ཐུན་མོང་ནས་དམ་ཆོས་འདུལ་བའི་གཞི་གསུམ་གྱི་ཕྱག་ལེན་ཉམས་བཞེས་ཐོག གུ་རུ་ཆོས་དབང་གི་བླ་མ་གསང་འདུས་ཀྱི་སྒོ་ནས་ཚེས་བཅུ་ཆེན་མོའི་གར་འཆམ་དང་། མཆོག་གླིང་གི་ཟབ་བདུན་ཕུར་པའི་སྒྲུབ་ཆེན་གྱི་གཏོར་རྒྱག་འཆམ་དང་ལས་བཞིའི་སྦྱིན་སྲེག་བཅས་རེས་མོས། སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཐུན་མིན་ཕྱག་བཞེས་དཔལ་ཡེ་ཤེས་ཀྱི་མགོན་པོའི་བདུན་སྒྲུབ་དང་འབྲེལ་བའི་གར་འཆམ་གཏོར་རྒྱག་དང་ལས་བཞིའི་སྦྱིན་སྲེག་བཅས་གནང་སྲོལ་ཡོད། དེང་སྐབས་གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་བསྟན་དགའ་ཆུང་སྲིད་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགེ་འདུན་པ་ཞལ་གྲངས་༤༥༦ཙམ་བཞུགས་པའོ།། །།
,
Kathmandu,