༄༅། །ཇོ་ནང་བཀྲ་ཤིས་ཆོས་ཐང་དགོན་ནི། ཐོག་མར་བླ་མ་གུས་པ་བཀྲ་ཤིས་མཆོག་གིས་ཕྱག་བཏབ་པ་ཞིག་ཡིན་ལ། ཕྱི་ལོ་ ༢༠༠༧ ལོར་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པའི་བདག་པོ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་ལ་འབུལ་བཞེས་གནང་ཞིང་། མོན་རྡེ་རང་ཕྱོགས་ཀྱི་ཇོ་ནང་མ་དགོན་འདིར་སློབ་གཉེར་བ་གྲངས་ ༤༠ ལྷག་ཡོད་པ་དེ་དག་གི་ཆེད་ཁལ་ཁ་རྗེ་བཙུན་དམ་པ་མཆོག་གིས་དགོན་གནས་འདིར་གཟིགས་སྐྱོང་བཀའ་དྲིན་ཆེ་བ་མ་ཟད། ཇོ་ནང་མ་དགོན་ནས་འཛིན་སྐྱོང་ཆ་ཚང་གནང་བཞིན་ཡོད། དེ་བཞིན་ལོ་ལྟར་ཇོ་ནང་མ་དགོན་ནས་མཁན་ཟུར་རིན་པོ་ཆེ་ངག་དབང་ཆོས་ཀྱི་སྣང་བ་མཆོག་གིས་ཡུལ་མི་ཚོར་ནང་ཆོས་ངོ་སྤྲོད་དང་དབང་བཀའ་དུ་མའི་བཀའ་དྲིན་སྩོལ་མུས་ཡིན། གཞན་ཡང་བླ་མ་གུས་པ་བཀྲ་ཤིས་མཆོག་གིས་མང་ཚོགས་ལ་ནང་ཆོས་ཀྱི་གོ་རྟོགས་གོང་འཕེལ་ཡོང་རེས་ལོ་ལྟར་ཕྱོགས་སོ་སོར་སྨྱུང་གནས་ཚོགས་ཏེ། མི་མང་གི་ཁམས་དབང་དང་འཚམ་པའི་ཆོས་ཕྱོགས་ཀྱི་མཛད་པ་རྒྱ་གང་ཆེ་སྐྱོང་བཞིན་ཡོད། ད་ལྟའི་ཆར་དགོན་པ་འདིར་རྒྱུན་བཞུགས་དགེ་འདུན་པ་ ༦ ཙམ་ཡོད།། །།
,
Arunachal Pradesh,
༄༅། །ཇོ་ནང་རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་ནི། རབ་བྱུང་བཅུ་པའི་ཤིང་ཡོས་ཕྱི་ལོ་ ༡༦༡༥ ལོར་གཙང་ལྷ་རྩེ་ཁུལ་དུ་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་ཕྱག་བཏབ། བཙན་བྱོལ་དུ་འབྱོར་རྗེས་ཇོ་ནང་རྟག་བརྟན་ཕུན་ཚོགས་ཆོས་གླིང་གི་བྱེས་ཀྱི་གདན་ས་ནི། ཐོག་མར་ཨ་མདོ་རེབ་གོང་བ་བླ་མ་སྦྱིན་པས་ཕྱི་ལོ་ ༡༩༦༣ ལོར་ཕྱག་བཏབ་སྟེ་མཚན་ལ་སངས་རྒྱས་ཆོས་གླིང་ཞེས་གསོལ། ཕྱི་ལོ་ ༡༩༩༠ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ཉིེན་ལོ་ན་བགྲེས་པའི་བླ་མ་སྦྱིན་པས་དགོན་པ་འདི་ཉིད་༸གོང་ས་མཆོག་ལ་འཁྲུངས་སྐར་ལེགས་སྐྱེས་ཀྱི་རྟེན་དུ་ཕུལ། ཕྱི་ལོ་ ༡༩༩༧ ལོར་༸གོང་ས་རྒྱལ་བའི་དབང་པོ་མཆོག་གིས་༸སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་དཔལ་རྒྱལ་བ་ཇོ་ནང་པ་ཡོངས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་མཛད་པ་དང་ཆབས་ཅིག དགོན་སྡེ་འདི་ཉིད་རྒྱ་གར་དུ་ཇོ་ནང་ཆོས་བརྒྱུད་ཀྱི་བསྟན་པའི་གཞི་ཚུགས་པའི་སླད་དུ་གནང་བ་ཞིག་རེད། དགོན་པའི་མཚན་བསྒྱུར་ནས་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་ཞེས་པའི་མཚན་གསོལ། བྱེ་བྲག་ཏུ་དགོན་པ་འདིའི་བཤད་སྒྲུབ་ལས་གསུམ་ཐོག་ཐད་ཀར་མཁན་རབས་རིམ་བྱོན་ནས་གཙོ་བོ་གཟིགས་རྟོག་གནང་བཞིན་ཡོད། འདུ་ཁང་ཆེན་མོའི་སྐུ་རྟེན་དུ་རྡོར་གདན་ཐུབ་པ་ཆེན་མོའི་སྐུ་ང་འདྲ་མ་དང་། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་གསེར་སྐུ། རྗེ་བཙུན་ཏཱ་ར་ནཱ་ཐའི་གསེར་སྐུ། དུས་ཀྱི་འཁོར་ལོའི་གསེར་སྐུ། མགོན་པོ་ཏྲཀྴད་ཀྱི་གསེར་སྐུ། དཔལ་ལྡན་ལྷ་མོའི་གསེར་སྐུ། གུ་རུ་རིན་པོ་ཆེའི་གསེར་སྐུ་བཅས་བཞུགས། གསུང་རྟེན་དུ་རྒྱལ་བའི་བཀའ་འགྱུར་དང་། བསྟན་འགྱུར། ཀུན་མཁྱེན་དོལ་པོ་ཡབ་སྲས་ཀྱི་གསུང་འབུམ། རྗེ་བཙུན་ཏཱ་ར་ནཱ་ཐ་ཡབ་སྲས་ཀྱི་གསུང་འབུམ། རིས་མེད་མཁས་པའི་གསུང་འབུམ་སོགས་མང་དུ་མཆིས། ཐུགས་རྟེན་དུ་རྗེ་བཙུན་ཏཱ་ར་ནཱ་ཐའི་ཕྱག་ནས་དངོས་སུ་བརྒྱུད་པའི་མི་འགྱུར་བའི་རྡོ་རྗེ་བྱིན་ཅན། ཇོ་ནང་མཐོང་གྲོལ་ཆེན་མོ་དང་རྗེ་ཡོན་ཏན་བཟང་པོའི་སྐུ་གདུང་སོགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཁང་དང་དེའི་ནང་གི་བྱིན་རླབས་ཀྱི་རྟེན། ཁལ་ཁ་རྗེ་བཙུན་དམ་པ་མཆོག་གི་གཟིམ་ཁང་དང་དེའི་ནང་གི་བྱིན་རྟེན། དེ་བཞིན་དུས་འཁོར་སྒྲུབ་ཁང་ལ་དུས་འཁོར་ལྷན་སྐྱེས་ཀྱི་གཙོས་སྐུ་གསུང་ཐུགས་རྟེན་བཅས་མང་དུ་བཞུགས་ཡོད། སློབ་གྲྭ་ལ་ནང་བསྟན་རྨང་གཞི་འཛིན་གྲྭ་ལྔ་ཡོད། དེའི་ནང་གི་སྦྱོང་བྱ་ནི། བོད་ཀྱི་སྐད་ཡིག་དང་། བློ་འཛིན་ཆོས་སྤྱོད་སྐོར། ཨིན་ཇིའི་སྐད་ཡིག་བཅས་ཡིན། བཤད་གྲྭ་ལ་འཛིན་གྲྭ་བཅུ་བཞི་ཡོད་པའི་ནང་སྦྱོང་བྱ་གཙོ་བོ་ནི། ལུང་སྡེ་སྣོད་གསུམ་དང་དེའི་དགོངས་འགྲེལ་བསྟན་ཆོས་ཁག མདོ་བསྟན་དེ་རྣམས་ཀྱི་འགྲེལ་བཤད། ཀུན་མཁྱེན་དོལ་པོ་སངས་རྒྱས་ཡབ་སྲས་དང་། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པས་གཞུང་ཆེན་པོ་ཏི་ལྔ་ལ་སློབ་གཉེར་གནང་བཞིན་ཡོད། དུས་འཁོར་སྒྲུབ་གྲྭ་བ་ལོ་གསུམ་གྱི་དུས་ཡུན་ཡིན་ལ། དེའི་ནང་རྒྱལ་བ་ཇོ་ནང་བའི་བྱིན་རླབས་དོན་རྒྱུད་ཀྱི་རིམ་པ་དུས་འཁོར་སྦྱོར་བ་ཡན་ལག་དྲུག་གི་སྐོར་གཙོ་བོ་དང་ཞོར་དུ་ཟབ་མོ་གཅོད་ཀྱི་ཕྱོགས་ལའང་ཉམས་ལེན་གནང་གི་ཡོད། ད་ལྟ་དགེ་འདུན་པའི་ཞལ་གྲངས་ ༡༡༥ ཡོད།། །།
,
Himachal Pradesh,
༄༅། །ཇོ་ནང་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་ནི། གྲུབ་པའི་དབང་ཕྱུག་ཆ་ལུང་པ་ངག་དབང་འཕྲིན་ལས་རྣམ་རྒྱལ་གྱི་སྐུ་ཚབ་གཙང་པ་ངག་དབང་བསྟན་འཛིན་གྱིས་བོད་རབ་བྱུང་བཅུ་གཉིས་པ་མེ་སྤྲེལ་ཕྱི་ལོ་ ༡༧༡༦ ལོར་ཕྱག་བཏབ། དགོན་འདིར་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་དང་། ཇོ་ནང་རང་ལུགས་ཀྱི་གཞུང་ཆེན་པོ་ཏི་ལྔར་ཐོས་བསམ་གནང་གི་ཡོད། བལ་ཡུལ་ཇོ་ནང་ངེས་དོན་རྟག་བརྟན་བཤད་སྒྲུབ་ཆོས་འཁོར་གླིང་ནི། ཕྱི་ལོ་ ༢༠༠༥ ལོར་རྗེ་བཙུན་ཏཱ་ར་ནཱ་ཐའི་རོལ་གར་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་༸གོང་ས་མཆོག་གི་བཀའ་སློབ་སྤྱི་བོར་བླངས་ཏེ། སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་ཡང་སྒོས་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པའི་གནས་གཞིར་བལ་ཡུལ་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་གསར་འཛུགས་གནང་བ་ཞིག་ཡིན་ལ། ཐོག་མར་བལ་པོའི་ཁོངས་གཏོགས་དཀར་མ་རོང་དང་། ཡོལ་མོ། དོལ་པོ་དང་། གཞན་མོན་པ་སོགས་སློབ་སྦྱོང་གི་མཐུན་རྐྱེན་མ་འཛོམས་པའི་ཡུལ་གྲུ་དག་གི་བྱིས་པ་ལོ་ཆུང་དག་ལ་སློབ་སྦྱོང་གི་གོ་སྐབས་གནང་ཡོད། ཕྱིས་སུ་ཕྱི་ལོ་ ༢༠༡༣ ལོར་ཡང་ལེ་ཤོད་དུ་གནས་སྤོས་ནས་དགོན་པ་འདི་རྒྱ་ཆེ་རུ་བཏང་ནས་འདུ་ཁང་དང་ཆོས་ར་གྲྭ་ཤག་སོགས་ཆ་རྐྱེན་འཐུས་ཚང་བ་ཞིག་ཏུ་གྱུར་ཡོད་པ་དང་། ད་ཆ་དགེ་འདུན་པའི་ཞལ་གྲངས་ ༢༥༥ ཡོད་པ་རྣམས་ཀྱིས་རྒྱལ་བ་ཇོ་ནང་པའི་གཞུང་ཆེན་བཀའ་པོད་ལྔ་གཙོས་པའི་ཐུན་མོང་རིག་གནས་དང་བཤད་སྒྲུབ་ལས་གསུམ་ལ་བརྩོན་པ་ལྷོད་མེད་གནང་དང་གནང་མུས་དང་། ༢༠༡༧ ལོར་གསར་དུ་བཞེངས་པའི་སྔགས་པའི་སློབ་གྲྭར་སློབ་ཕྲུག་བརྒྱ་ལྷག་གིས་ནང་བསྟན་རིག་གནས་ལ་སློབ་གཉེར་བྱེད་བཞིན་པ་ཡིན། ཕྱི་ལོ་ ༢༠༢༤ ལོར་ལོ་ངོ་བཅོ་བརྒྱད་ལྷག་གི་རིང་ལ་གཞུང་ཆེན་བཀའ་པོད་ལྔ་གཙོས་པའི་ཐུན་མོང་རིག་གནས་བཅས་པར་སློབ་གཉེར་མཐར་ཕྱིན་པར་བྱས་ཏེ། དགེ་འདུན་པ་བཅུ་གཅིག་ལ་དཀའ་བཅུ་དགེ་བཤེས་ཀྱི་མཚན་གནས་གསོལ་ཡོད། དགོན་པ་འདིའི་སྐུ་རྟེན་ལ་༸གོང་ས་མཆོག་གིས་གནང་བའི་སྟོན་པའི་སྐུ་བརྙན་ཁྱད་འཕགས་མ་དང་། གཞན་སྟོན་པའི་སྐུ་འདྲ་དང་། རྗེ་བཙུན་སྒྲོལ་མ། རྗེ་བཙུན་འཇམ་དཔལ་དབྱངས། ཀུན་མཁྱེན་དོལ་པོ་པ། རྗེ་བཙུན་ཏཱ་ར་ནཱ་ཐ། ཇོ་ནང་ཀུན་མཁྱེན་ཡབ་སྲས་བཅོ་ལྔའི་ཐང་ཀ་སོགས་བཞུགས་ཡོད། གསུང་རྟེན་ལ་རྒྱལ་བའི་བཀའ་འགྱུར་དང་། བསྟན་འགྱུར། ཇོ་ནང་ཀུན་མཁྱེན་ཡབ་སྲས་རྣམས་ཀྱི་གསུང་འབུམ་དག་གཙོས་པའི་རིས་མེད་སྐྱེས་ཆེན་དག་གི་གསུང་འབུམ་སྣ་ཚོགས་པ་བཞུགས་ཡོད། གཞན་མཚན་བརྗོད་པར་དཀའ་བ་༸སྐྱབས་རྗེ་ངག་དབང་པདྨ་རྣམ་རྒྱལ་མཆོག་གིས་གནང་བའི་ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་རོལ་མོ་ཐོས་གྲོལ་མ་བཅས་ཡོད། ཐུགས་རྟེན་གྱི་གཙོ་བོ་ཇོ་ནང་སྐུ་འབུམ་མཐོང་གྲོལ་ཆེན་མོ་དང་། ཇོ་ནང་བསྟན་བདག་གི་སྐུའི་གདུང་རུས་ལས་བཞེངས་པའི་དུས་འཁོར་བློས་བསླངས་དང་ཁོང་གི་ཆོས་གོས་སོགས་བཞུགས་ཡོད།། །།
,
Kathmandu,
༄༅། །ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་ནི། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་སློབ་ལམ་སྟོན་ཞུས་པས། ལོ་དེའི་ཟླ་ ༡༡ ཚེས་ ༡༥ ཉིན་༸གོང་ས་མཆོག་གིས་ཐུགས་བརྩེ་གཟིགས་ཆེན་པོས་བཀའ་ལན་ཕེབས་དོན། དད་ལྡན་ཇོ་ནང་མཁན་ཟུར་ཆོས་ཀྱི་སྣང་བ་ནས་བརྟག་ཞུ་འབྱོར་བར། བརྟག་པ་བགྱིས་དོན། བསམ་དོན་ཡིད་བཞིན་དུ་འགྲུབ་ངེས་པས། དེ་དོན་ཐག་གཅོད་བྱེད། ཅེས་བཀའ་སྩལ་བ་བཞིན། ༸ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་རྡོ་རྗེ་སློབ་དཔོན་མཁན་སྤྲུལ་ཆོས་ཀྱི་སྣང་བ་མཆོག་འཕགས་ཡུལ་བཞུགས་སྒར་དྷརྨ་ས་ལའི་ཉེ་འདབས་ནོར་བུ་གླིང་ཁའི་ཉེ་འཁྲིས་སུ་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༡༣ ཉིན་གསར་སྐྲུན་དབུ་འཛུགས་གནང་བ་ཞིག་ཡིན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༢༥ ཉིན་༸གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་ནས་དེ་དོན་སྙན་གསན་ཞུས་པར། ཐུགས་བརྩེ་ཆེན་པོས་མ་འོངས་པར་དུས་འཁོར་སྦྱོར་དྲུག་སོགས་ཀྱི་ཉམས་ལེན་སྐོར་ལ་ཇོ་ནང་གཅིག་པུ་ཙམ་མ་ཡིན་པར་ཆོས་བརྒྱུད་རིས་མེད་ཉམས་ལེན་བྱ་ཡུལ་ཞིག་བྱུང་ན་ཧ་ཅང་བཟང་བ་སོགས་བཀའ་སློབ་ལམ་སྟོན་སྩལ་བ་དང་། དེ་བཞིན་དུ་དུས་འཁོར་གྲྭ་ཚང་གི་མཚན་ལ། དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་། ཞེས་ཕྱག་བྲིས་ཕྱག་བསྟར་མ་བསྩལ་བ་བཅས་བཀའ་དྲིན་བླ་མེད་དུ་གནང་། ད་ལྟ་དུས་འཁོར་གྲྭ་ཚང་གི་སྒྲུབ་གྲྭ་དང་བཤད་གྲྭ་ཁག་གཉིས་སུ་ཚོགས་ཁང་དང་། གྲྭ་ཤག ལྷ་ཁང་། སྒོམ་ཁང་། འཛིན་ཁང་སོགས་འཛུགས་སྐྲུན་གནང་བཞིན་ཡོད་པ་དང་། དཔལ་རྒྱལ་བ་ཇོ་ནང་པའི་དགོན་གནས་འདིར་ད་ལྟའི་ཆར་བོད་དང་། འབྲུག་ཡུལ། བལ་ཡུལ། ལ་དྭགས། འབྲས་ལྗོངས། རྒྱ་གར་སོགས་ནས་ཕེབས་པའི་དགེ་འདུན་པ་ཞལ་གྲངས་ ༥༢ བཞུགས་པ་རྣམས་ཀྱིས་འབད་པ་ཆེན་པོས་དབུ་ཚད་ཕར་གསུམ་དང་། འདུལ་མཛོད་རྣམ་གཉིས། སྙན་ངག སྐད་ཡིག སུམ་རྟགས་དག་གསུམ། ཚན་རིག གློག་ཀླད། རི་མོ་སོགས་གནའ་དེང་གི་ཤེས་བྱ་སྣ་མང་ལ་སློབ་བཞིན་པ་མ་ཟད། ལོ་ལྟར་རི་བོ་དགེ་ལྡན་པའི་དགེ་བཤེས་དང་། སྔ་འགྱུར་རྙིང་མའི་མཁན་པོ། དེ་བཞིན་འགྲོ་མགོན་བཀའ་བརྒྱུད་པའི་སློབ་དཔོན་རྣམས་ཀྱིས་གཙོས་རིས་མེད་བསྟན་འཛིན་སྐྱེས་བུ་དུ་མས་སྒྲུབ་ཁང་དུ་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོས་དཔལ་ལྡན་འབྲས་སྤུངས་སུ་དུས་འཁོར་རྩ་རྒྱུད་གསུངས་པ་ནས་བཟུང་། ད་བར་དུ་ཉམས་ལེན་མན་ངག་གི་རྒྱུན་མ་ཆད་པའི་དཔལ་དུས་ཀྱི་འཁོར་ལོའི་ཟབ་ལམ་སྦྱོར་བ་དྲུག་ལ་ཉམས་ལེན་རྒྱུན་མ་ཆད་པར་གནང་དང་གནང་བཞིན་པ་ཡིན། དེ་བཞིན་ཨ་རི་དང་། ཡུ་རོབ། ཐའེ་ཝན་གཙོས་པའི་ཕྱི་རྒྱལ་གྱི་དད་ལྡན་དོན་གཉེར་ཅན་རྣམས་ལ་ལོ་རེ་བཞིན་སྦྱོར་བ་དྲུག་གི་ཐུན་མོང་གི་སྔོན་འགྲོ་འབུམ་ལྔ་སོགས་ཀྱིས་བཀའ་དྲིན་སྩོལ་བཞིན་པ་ལགས་སོ།། །།
,
Himachal Pradesh,
༄༅། །པུ་དགོན་ནམ་སྤུ་དགོན་བདེ་ཆེན་ཆོས་གླིང་ནི། ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱིས་ཕྱག་བཏབ་པའི་དགོན་པ་ཞིག་ཡིན། ས་གནས་དོལ་པོ་པཎ་ཚང་མི་བདག་ཛྙཱ་ན་ཡེ་ཤེས་སམ། ཡེ་ཤེས་དབང་ཕྱུག་ཚང་གི་ཞིང་རྟ་ཐང་རིང་མོ་ཞེས་ཀ་ཡོ་རིའི་ཐད་དུ་ཆགས་ཡོད་ཅིང་། ད་བར་ལོ་ངོ་བདུན་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ལྡན་ཡོད། པུ་དགོན་བདེ་ཆེན་ཆོས་གླིང་དུ་རྗེ་ཉིད་ཀྱི་སྐུ་ཚད་མའམ་ཡོངས་གྲགས་སྐུ་གཟུགས་མཆོད་རྟེན་ཞེས་པའི་མཆོད་རྟེན་ཆུང་ཆུང་ཞིག་ཡོད་ཅིང་། ཡུལ་དེའི་ངག་རྒྱུན་ལྟར་ན། དེ་ནི་ཀུན་མཁྱེན་དོལ་པོ་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་མཐོ་ཚད་དང་གཅིག་མཚུངས་སུ་རྗེ་ཉིད་ཀྱིས་བཞེངས་པར་གྲགས་ལ། དུས་ད་ལྟ་ཡང་མ་ཉམས་པར་བཞུགས་ཡོད། དེ་བཞིན་འདུ་ཁང་ནང་ཀུན་མཁྱེན་དོལ་པོ་སངས་རྒྱས་ཉིད་ཀྱིས་ཕྱག་བཟོས་མཛད་པའི་གཏེར་བུམ་ཁ་ཤས་ཡོད། དགོན་འདི་སྔོན་མ་ཞིག་རལ་ཏུ་སོང་ནས་ལོ་མང་འགོར་ཡང་། རྗེས་སུ་ཀོ་མང་སྤྲུལ་སྐུའི་ཁུ་བོ་ཀརྨ་ལྷུན་གྲུབ་ཅེས་པ་རྟེན་སྔགས་འཆང་དང་སྨན་པ་གཉིས་ཀ་ཡིན་པའི་བླ་མ་རྩ་ཆེན་ཞིག་ཡོད་པ་ཁོང་གིས་ལོ་ཉི་ཤུའི་སྔོན་དུ་ཞིག་གསོ་མཛད་དེ། འདུ་ཁང་ཆུང་ཆུང་གཅིག་དང་། གྲྭ་ཁང་ཁ་ཤས་ཤིག་བཞེངས་ཡོད། ཁོང་སྐུ་གཤེགས་རྗེས་སུ་ཀོ་མང་སྤྲུལ་སྐུ་རིན་པོ་ཆེ་མཆོག་གིས་བསྐྱངས་པ་དང་། ཕྱི་ལོ་ ༢༠༡༣ ལོར་རྗེ་བཙུན་ཏཱ་ར་ནཱ་ཐའི་འཕྲིན་ལས་ཀྱི་སྤྲུལ་པར་གྲགས་པ་མཆོག་སྤྲུལ་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་སོགས་བླ་སྤྲུལ་དུ་མ་གདན་ཞུས་ལྟར་ཆེད་ཕེབས་མཛད། ཡུལ་དེ་གའི་བླ་སྤྲུལ་ཚོགས་སྡེ་རྣམས་ཀྱིས་དགོན་འདི་ཁོང་ལ་ཕུལ་བ་ངོས་ལེན་བྱས་ཤིང་། ཇོ་ནང་པུ་དགོན་བདེ་ཆེན་ཆོས་གླིང་ཞེས་བཏགས་ཤིང་དུས་ཀྱི་འཁོར་ལོའི་སྒྲུབ་མཆོད་ཉིན་གསུམ་རིང་མཛད། སྡེ་པ་གོང་འོག་རྣམས་ཀྱི་སེར་སྐྱ་མང་ཚོགས་ཡོངས་ལ་དུས་ཀྱི་འཁོར་ལོའི་དབང་དང་། ཚེ་དབང་། བཀའ་སློབ་ཟབ་རྒྱས་སོགས་གནང་ནས་ཕན་ཚུན་ཆོས་དང་དམ་ཚིག་གི་འབྲེལ་བ་ཟབ་མོ་ཆགས་ཡོད།། །།
,
Kathmandu,