༄༅། །གདན་ས་ཆེན་མོ་འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ཞེས་སྙན་པའི་བ་དན་ཕྱོགས་བཅུར་གཡོ་བའི་གདན་ས་ཆེན་པོ་འདི་ཉིད་ནི། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དངོས་སློབ་དབུས་གཙང་བསྟན་པའི་སྒྲོན་མེ་བཅུའི་ནང་ཚན་འཇམ་མགོན་སྙན་བརྒྱུད་ཀྱི་བསྟན་པའི་མངའ་བདག་སེམས་པ་ཆེན་པོ་ཧོར་སྟོན་ནམ་མཁའ་དཔལ་བཟང་པོས་ཐོག་མར་ཕྱག་བཏབ།དེ་ཡང་རྩེ་ཤར་གྱི་བསྟན་པའི་གསལ་བྱེད་གཉིས་ཀྱི་ནང་ཚན་ཧོར་སྟོན་ནམ་མཁའ་དཔལ་བས་རྒྱལ་ཚབ་ཆོས་རྗེའི་རྗེས་སུ་གདན་ས་བསྐྱངས་ཏེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གཟིམ་ཆུང་ཉི་འོད་ཕུག་གི་བྱང་ཕྱོགས་རི་བོའི་རྩེ་མོར་བྱང་རྩེ་ཁང་བཏབ་སྟེ་བླ་ས་བཟུང༌།ཆོས་ཟུར་འཆད་མཛད་དེ་རྗེ་རྒྱལ་བ་གཉིས་པའི་བསྟན་པའི་རྒྱལ་མཚན་བླ་ན་བསྒྲེངས།གསུང་ལས་སྐྱེས་པའི་བུ་སློབ་ཀྱང་རྒྱལ་མཆོག་དགེ་འདུན་གྲུབ།རྗེ་བཙུན་ཤེས་རབ་སེངྒེ་ལ་སོགས་པ་བསིལ་ལྗོངས་མཁས་རྒུའི་གཙུག་རྒྱན་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དུ་མ་ཕེབས།དེ་ལྟར་སེམས་དཔའ་ཆེན་པོ་ཧོར་སྟོན་ནམ་མཁའ་དཔལ་བས་དགའ་ལྡན་དུ་རྗེའི་གཟིམ་ཆུང་ཉི་འོད་ཕུག་གི་བྱང་ཕྱོགས་རི་བོའི་རྩེ་མོར་བྱང་རྩེ་ཁང་དུ་གྲགས་པ་འདི་ཉིད་བཏབ་ནས་འཆད་ཉན་རྒྱ་ཆེར་མཛད་པར་བརྟེན། གྲྭ་ཚང་རིན་པོ་ཆེ་འདི་ཉིད་ཀྱི་མཚན་ལའང་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་གྲགས།སེམས་དཔའ་ཆེན་པོ་གང་གིས་ཆོས་སྡེ་ཆེན་པོ་འདི་ཉིད་ཐོག་མར་ཕྱག་བཏབ་གནང་སྟེ་མདོ་སྔགས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད་དེ།གདན་ས་བསྐྱངས་པ་ནས་བཟུང་དུས་ད་ལྟ་ལ་ཐུག་པའི་བར་གསེར་རིའི་དབུས་ན་ལྷུན་པོ་དང༌།སྐར་ཚོགས་དབུས་སུ་ཟླ་བ་ལྟར་མངོན་པར་འཕགས་པའི་སྔ་ཕྱིའི་གདན་རབས་ཕྲེང་བའི་ཚོགས་ཀྱིས་ཆོས་ཀྱི་སྡེ་ཆེན་པོ་འདི་ཉིད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་བཤད་སྒྲུབ་འཆད་ཉན་གྱི་རྣམ་པར་དཀར་བའི་ལེགས་ཚོགས་རྣམས་ཉམས་པ་མེད་པར་དྲིན་གྱིས་བསྐྱངས་དང་སྐྱོང་བཞིན་པ་དང༌།ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་མདོ་དབུས་ཁམས་གསུམ་གྱིས་མཚོན་ཕྱོགས་འདུས་རྒྱ་ཆེའི་སློབ་གཉེར་བ་ཡོངས་ནས་ཀྱང་གདན་ས་འདི་ཉིད་དུ་དུས་རབས་རིམ་པར་གཞུང་ཆེན་བཀའ་པོད་ལྔས་མཚོན་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་གནང་སྟེ།མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་བཟང་པོ་རང་རྒྱུད་མཛེས་པའི་རྒྱན་དུ་ལྷུར་བཞེས་ཏེ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་འཁོར་ལོ་གཉིས་ཀྱིས་ཕྱོགས་ཀུན་ནས་ཉམས་པ་མེད་པར་བླ་ན་འདེགས་འབྲས་སུ།སྔོན་ཆད་གངས་རིའི་ལྗོངས་སུ་མདོ་སྔགས་ཟུང་དུ་འབྲེལ་བའི་ཆོས་སྡེ་ཆེན་མོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་ཞེས་གྲགས་པའི་སྙན་པ་ཕྱོགས་བཅུར་གཡོ་བ་འདི་ཉིད་བྱུང་བ་ཡིན་ནོ།། དེ་ཡང་གཞིས་བྱེས་བོད་འབངས་ཡོངས་ཀྱི་སེམས་གཏིང་ནས་ནམ་ཡང་བརྗེད་མི་སྲིད་པའི་དུས་ཚིགས་ཀྱི་རྡོ་རིང་ལྟ་བུ་བོད་རབ་རྒྱལ་ས་ཕག་ལོའི་ཟླ་༢ཚེས་༡༧ཕྱི་ལོ་༡༩༥༩ལོའི་ཟླ་༣ཚེས་༡༧ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུས་བོད་མི་མི་ཉུང་བ་ཞིག་གསང་བྲོས་ཀྱིས་འཕགས་ཡུལ་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་བཞིན།སྐྱབས་གནས་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་དགའ་བ་དཔལ་བཟང་པོ་མཆོག་གི་དབུས་མཁན་གདན་ཟུར་སོགས་དགེ་འདུན་པ་༡༠༠༠ཙམ་བཙན་བྱོལ་ལ་ཕེབས་འབྱོར་ཐུབ་པ་བྱུང་ཡོད། ལྷག་པར་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་མཛད་བྱུས་ལམ་སྟོན་ཉག་གཅིག་འོག་སྦག་སར་ཆེད་འཛུགས་གནང་བའི་༼སྦག་ས་ནང་བསྟན་ཤེས་རིག་འཛིན་སྐྱོང་སློབ་གཉེར་ཁང་ཐོས་བསམ་ཐར་འདོད་གླིང་༽གི་ཁོངས་སུའང་སྐྱབས་གནས་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་དགའ་བ་དཔལ་བཟང་པོ་མཆོག་གི་དབུས་དགེ་འདུན་པ་ཞལ་གྲངས་༢༠༠ལྷག་ཙམ་གྱིས་ངལ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ།གྲྭ་ཚང་འདི་ཉིད་ཀྱི་ཐུན་མོང་དང་ཐུན་མོང་མིན་པའི་ཆོས་སྤྱོད་ཀྱི་མཛད་བཟང་རྣམས་ཕྱོགས་ཡོངས་ནས་ཉམས་པ་མེད་པར་སླར་གསོ་དང་རྒྱུན་འཛིན་གྱིས་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་བསྐྱངས།སླར་ཡང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་འཕྲལ་ཕུགས་ཀྱི་དགོངས་གཞི་ཟབ་མོའི་འོགཕྱི་ལོ་༡༩༧༠ཟླ་༡པོར་སྐྱབས་གནས་མཁན་རིན་པོ་ཆེ་རྗེ་བཙུན་ཚུལ་ཁྲིམས་ཆོས་འཕེལ་དཔལ་བཟང་པོ་མཆོག་གི་དབུས་དགེ་འདུན་པ་ཞལ་གྲངས་༡༧༣ལྷག་ཙམ་སྦག་ས་ཆོས་སྒར་ནས་བསྐྱར་དུ་ལྷོ་གཞིས་མོན་གྷོ་འདོད་རྒུའི་གླིང་དུ་བསྐྱར་སྤོས་གནང༌།དེ་ལྟར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་མཆོག་གི་རྣམ་པར་དཀར་བའི་འཕྲིན་ལས་ཀྱི་འོད་ཞགས་འོག་གྲྭ་ཚང་རིན་པོ་ཆེའི་ཕྱག་བཞེས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་ལེགས་ཚོགས་ཀྱི་ལེགས་བྱང་སྤྱི་དང༌།སྒོས་སུ་གྲྭ་ཚང་འདི་ཉིད་ཀྱི་མཐོང་བ་བརྒྱུད་པའི་ཕྱག་སྲོལ་ཕྲ་མོ་ཚུན་ཉམས་པ་མེད་པར་བསྐྱར་གསོ་ཡང་གསོའི་འཕྲིན་ལས་ཀྱི་འཇུག་པ་རྒྱ་ཁྱབ་དུ་འཕེལ་ཐུབ་པ་བྱུང་ཡོད།ཕྱིས་སུ་རིམ་གྱིས་བོད་པའི་གཞི་ཆགས་ཁག་དང༌།བོད་དང༌།འབྲུགབལ་ཡུལ།མོན།ལ་དྭགས།སྤི་ཏི།ཁུ་ནུ།གར་ཞ་སོགས་དང༌།གཞན་ཡང་ཕྱིའི་རྒྱལ་ཁབ་ཁག་ནས་ཕེབས་པའི་གྲྭ་རྒྱུན་གསར་ཞུགས་ཇེ་མང་གིས་དགེ་འདུན་གྱི་སྡེ་ཚོགས་ཇེ་རྒྱས་སུ་སོང་སྟེ།དེང་གི་ཆར་གྲྭ་ཚང་འདིར་དགེ་འདུན་པ་ ༡༨༣༠ཡས་མས་ཤིག་གིས་འཕགས་བོད་ཀྱི་མདོ་སྔགས་ཀྱི་གཞུང་ལུགས་སྤྱི་དང༌། ལྷག་པར་དུ་འཇམ་མགོན་ཡབ་སྲས་རྣམས་ཀྱི་གཞུང་ལུགས་ཁག་གི་གཙོས་གྲྭ་ཚང་རིན་པོ་ཆེའི་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་ཡིག་ཆ་རྣམས་ལ་ཐོས་བསམ་སྒོམ་གསུམ། འཆད་རྩོད་རྩོམ་གསུམ་གྱིས་རྣམ་པར་དཀར་བའི་འཕྲིན་ལས་ཀྱི་འཇུག་པ་བསྐྱངས་དང་སྐྱོང་བཞིན་པ་བཅས་ཡིན།།།།
,
Karnataka,
༄༅།།བོད་ཀྱི་འབྲས་སྤུངས་དགོན་པ་ནི།རྗེ་ཙོང་ཁ་པའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་པས་ཕྱི་ལོ་༡༤༡༦ལོར་ཕྱག་བཏབ།དགོན་པ་འདི་དབུས་ཀྱི་གྲྭ་ས་ཆེན་པོ་གསུམ་ཞེས་པ་དང་།བོད་ཁམས་ཀྱི་དགེ་ལུགས་པའི་གདན་ས་ཆེན་པོ་དྲུག་ཅེས་པའི་ཡ་གྱལ་ཡིན།དེ་ལ་སྔར་གྲྭ་ཚང་བདུན་དང་ད་ལྟ་བཞི་ཡོད་པའི་ཡ་གྱལ་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་ནི།འཇམ་དབྱངས་ཆོས་རྗེའི་དངོས་སློབ་དྲུང་གྲགས་པ་རིན་ཆེན་པས་འཆད་ཉན་གནང་བའི་སློབ་བརྒྱུད་ལས་བྱུང་བ་དང་།དེ་ཡང་གདན་སའི་ནང་གི་གྲྭ་ཚང་ཐོག་མ་དེ་ཡིན།གྲྭ་ཚང་འདི་ལ་འདུ་ཁང་དང་སྐུ་གསུང་ཐུགས་རྟེན་སོགས་རྒྱ་ཆེ་བ་དང་རིན་ཐང་ཡོད་པ་མང་པོ་ཡོད། སྔ་སོར་གྲྭ་ཚང་འདིས་ཀུན་མཁྱེན་ཆོས་འབྱུང་གི་གསུང་གི་སྟེང་ནས་འཆད་ཉན་གནང་བ་དང་།དུས་ཕྱིས་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཡབ་སྲས་ཀྱི་ཡིག་ཆའི་སྟེང་ནས་འཆད་ཉན་གནང་སྟེ་ད་ལྟའི་བར་སླེབས་ཤིང་།གྲྭ་ཚང་འདི་ནས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་གྱེས་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱིས་མཚོན་པའི་ཨ་མདོ་དང་།ཁམས།དབུས་གཙང་མངའ་རིས་སོགས་བོད་ཡུལ་མཐའ་དབུས་ཀུན་དང་།སོག་པོ་ཕྱི་ནང་དུ་དགོན་སྡེ་བཤད་གྲྭ་ནམ་མཁའི་སྐར་ཚོགས་བཞིན་ཁྱབ་པར་གྱུར་ཡོད། ཕྱི་ལོ་༡༩༥༩ལོའི་དུས་འགྱུར་སྐབས་རྒྱ་གར་ཤར་ཕྱོགས་སྦག་ས་དང་།ཕྱི་ལོ་༡༩༦༩ལོར་ལྷོ་ཕྱོགས་མོན་གྷོ་ས་གནས་འདིར་རྟེན་གཞི་ཆགས།༸གོང་ས་མཆོག་གི་ལམ་སྟོན་དང་།བཙན་བྱོལ་བོད་གཞུང་གི་ཐུགས་ཁུར།རྒྱ་གར་གཞུང་དང་ལྷག་པར་དུ་མངའ་སྡེའི་གཞུང་མང་གི་བཀའ་དྲིན།འདིར་བཞུགས་པའི་དགེ་འདུན་པ་རྣམས་ཀྱི་འབད་བརྩོན་བཅས་ལ་བརྟེན་ནས་འདུ་ཁང་དང་།ཆོས་གྲྭ།སློོབ་གྲྭ།དཔེ་མཛོད།ཁམས་ཚན་མི་ཚན་སོགས་ཀྱི་འཛུགས་སྐྲུན་ཡང་མི་དམན་པ་ཡོད་ཅིང་།དེ་དག་ཏུ་སྐུ་གསུང་ཐུགས་རྟེན་ཡང་གསར་སྐྲུན་གང་འཚམས་རེ་ཡོད།གཞན་ཡང་ཚོང་ཁང་དང་།ཟ་ཁང་།མགྲོན་ཁང་སོགས་དགེ་འདུན་པའི་འཚོ་བའི་མཐུན་རྐྱེན་སྐྲུན་ཐབས་རེ་ཡང་ཡོད། གྲྭ་ཚང་འདིར་ཐོག་མའི་འཆད་ཉན་པ་དྲུང་གྲགས་པ་རིན་ཆེན་ནས་ད་ལྟའི་དགེ་བཤེས་འཇིགས་མེད་རྒྱ་མཚོའི་བར་གདན་རབས་གྱ་གཅིག་བྱོན་ཏེ་འཆད་ཉན་གནང་ཞིང་། སྔར་གྲྭ་ཚང་འདི་ལ་བོད་རྒྱ་སོག་གསུམ་གྱིས་མཚོན་པའི་སློབ་གཉེར་བ་རྒྱས་དུས་༥༠༠༠ལྷག་ཡོད་པར་གྲགས་ཤིང་།དེ་ལས་དགའ་ལྡན་ཁྲི་པ་དང་།བོད་ཀྱི་རྒྱལ་ཚབ་སོགས་ལོ་རྒྱུས་ཐོག་གི་མཁས་པ་ཡང་མང་པོ་བྱོན་ཡོད།རྒྱ་གར་ནང་འབྱོར་ནས་བོད་དང་།རྒྱ་གར།བལ་ཡུལ།འབྲུག་ཡུལ།སོག་པོ།ར་ཤི་ཡ།ཐའེ་ཝན།ཨོས་ཊོ་ལི་ཡ་སོགས་འཛམ་གླིང་གི་ཡུལ་ལུང་འདྲ་མིན་གྱི་སློབ་གཉེར་བ་གྲྭ་ཚང་དུ་སྒྲིག་ཞུགས་ཞུས་པ་ད་བར་ཞལ་གྲངས་༥༦༡༠ཡོད་པ་དང་།དེ་དག་ལས་ད་ལྟའི་ཆར་ཁམས་ཚན་བཅུ་བདུན་ནང་གཏན་བཞུགས་དགེ་འདུན་པ་༡༧༢༥ཡོད་ཅིང་།དེ་ལ་བསྙེན་བཀུར་ཞུ་མཁན་ཡང་འཛམ་གླིང་གི་ས་ཕྱོགས་གང་སར་ཡོད། གྲྭ་ཚང་གི་གཙུག་ལག་ཁང་དུ་སྐུ་རྟེན་གཙོ་བོ་གསེར་ཟངས་འབའ་ཞིག་ལས་གྲུབ་པའི་རྒྱལ་བ་བྱམས་པ་མགོན་པོའི་སྐུ་བརྙན་བྱིན་ཅན་མི་ཚད་ཙམ་དང་།ཐུབ་དབང་གཙོ་འཁོར་གསུམ་གཙོ་བཞུགས་ཀྱིས་སྐུ་བརྙན་གྲངས་བརྒྱ།བལ་ལི་ལས་གྲུབ་པའི་ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་དཔལ་བཟང་པོའི་སྐུ་བརྙན་སོགས་དང་།གསུང་རྟེན་ལ་རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་སོགས་རྒྱ་བོད་ཀྱི་མཁས་པའི་གསུང་རབ་གླེགས་བམ་བརྒྱ་ཕྲག་དུ་མ་དང་།ཐུགས་རྟེན་བྱང་ཆུབ་ཆེན་པོའི་མཆོད་རྟེན་སོགས་མཆོད་རྫས་སྣ་ཚོགས་བཞུགས་ཡོད། གྲྭ་ཚང་འདིས་སྦྱང་བྱ་གཙོ་བོ་བོད་བརྒྱུད་ནང་བསྟན་མཚན་ཉིད་རིག་པ་ཡིན་ལ།གཞུང་ཆེན་བཀའ་པོད་ལྔར་ལོ་བཅུ་དྲུག་རིང་སློབ་གཉེར་བྱས་ཏེ་འཛིན་གྲྭ་བཅུ་དྲུག་འཐོན་དགོས།དེ་ནས་དགེ་ལུགས་རྒྱུགས་སྤྲོད་ལོ་དྲུག་ལ་ཞུགས་ན་ད་གཟོད་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ།ཞར་བྱུང་དུ་དེང་རབས་ཚན་རིག་འཛིན་གྲྭ་དང་།ཡུལ་ལུང་གཞན་གྱི་སློབ་གཉེར་བའི་ཆེད་བོད་ཡིག་འཛིན་གྲྭ།ཨིན་ཡིག་དང་རྒྱ་ཡིག་གི་སློབ་ཚན་སོགས་ཡོད་པ་མ་ཟད།གྲྭ་པ་ལོ་ཆུང་རྣམས་ལ་གྲྭ་ཚང་གི་སློབ་གྲྭ་འཛིན་རིམ་བརྒྱད་པ་བར་ཡོད།དེར་སུམ་རྟགས་དག་གསུམ་དང།བློ་འཛིན།བོད་ཨིན་སྐད་ཡིགཚན་རིགབསྡུས་གྲྭ་བློ་རྟགས་སོགས་ཀྱི་སློབ་ཚན་ཡོད།དགེ་བཤེས་ཐོན་ཟིན་རྣམས་ལ་ལོ་གསུམ་རིང་སྔགས་ཀྱི་ཆོས་གྲྭ་ཡོད། དེ་ལྟར་ཀློག་པ་ཐོས་བསམ་གྱི་འཁོར་ལོ་གྲུབ་ཟིན་ནས་གྲྭ་ཚང་རང་དུ་བཤད་སྒྲུབ་འཆད་ཉན་ལ་འབད་པ་དང་།མཚམས་ཁང་དུ་ཕེབས་པ།བྱ་བྲལ་ལ་ཕེབས་པ་སོགས་སྤོང་བ་བསམ་གཏན་གྱི་འཁོར་ལོར་བརྩོན་པ་དང་།གཞན་ཡང་བོད་སོགས་རང་རང་གི་གཞིས་དགོན་དང་།ཕྱི་རྒྱལ་གྱི་ཆོས་ཚོགས་ཁག་ཏུ་ཕེབས་པ།གྲྭ་ཚང་རང་གི་ཕྱག་མཛོད་སོགས་ལས་ཁུར་སྣ་མང་ཞུ་བ་སྟེ།བྱ་བ་ལས་ཀྱི་འཁོར་ལོར་བརྩོན་བཞིན་པ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་སོ།།།།
,
Karnataka,
༄༅།།དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཁུངས་སུ་གཏོགས་པའི་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་ནི།དབུས་གཙང་ཕྱོགས་སུ་སྲད་ཀྱི་ལུང་པ་ཞེས་པའི་ཕུ་ན་གཡག་ཤི་ཞེས་པ་དེར།འཇམ་དབྱངས་མིའི་རྣམ་རོལ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་དངོས་སློབ་བུ་ཆེན་བཞིའི་ཡ་རྒྱལ་གསང་བདག་མིའི་རྣམ་རོལ་༸རྗེ་བཙུན་ཤེས་རབ་སེངྒེ་མཆོག་ལ་སེ་ར་ཆོས་སྡིངས་སུ་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་རྗེས། “གཙང་ཕྱོགས་སུ་བྱོན་ནས་བསྟན་པ་སྤེལ་ལ་རྒྱུད་གྲྭ་ཚུགས།”ཞེས་རྗེ་བདག་ཉིད་ཆེན་པོའི་ལུང་བསྟན་བཞིན།ཕྱི་ལོ་༡༤༢༨ཙམ་ལ་གྲྭ་ཚང་འདི་ཉིད་ཕྱག་བཏབ་སྟེ་རྒྱུད་ཀྱི་འཆད་ཉན་བཙུགས།ཁོང་གི་སློབ་མ་རྒྱུད་ཆེན་འདུལ་བ་འཛིན་པ་དཔལ་ལྡན་བཟང་པོ་མཆོག་ལ་རྒྱུད་ཀྱི་འཆད་ཉན་པར་བསྐོས།རྗེ་བླ་མའི་ཐུགས་དགོངས་བཞིན་དམ་ཆོས་འགྲེལ་པ་བཞི་སྦྲགས་ཀྱི་མཚོན་པའི་རྒྱུད་ཀྱི་འཆད་ཉན་རྐང་འཛིན་པའི་རྒྱུད་གྲྭ་ཕུན་སུམ་ཚོགས་པ་བྱུང་བ་མ་ཟད།དེ་ནས་བར་མ་ཆད་བར་མཁས་གྲུབ་གཉིས་ལྡན་གྱིས་རྒྱུད་ཆེན་གྲགས་ཆེ་བ་དུ་མ་བྱུང་།རྒྱུད་ཆེན་དེ་རྣམས་ནས་རིམ་བཞིན་མདོ་སྔགས་ཀྱི་བསྟན་པའི་ཁུར་མཛད་ནས་མཚན་སྙན་བོད་ཆོལ་ཁ་གསུམ་དུ་གྲགས། ཕྱི་ལོ་༡༩༥༩ལོར་རྒྱ་དམར་དཔུང་ཚོགས་ནས་བོད་ས་ཡོངས་རྫོགས་བཙན་འཛུལ་གྱིས་གྲྭ་ཚང་འདི་ཡང་ཉམས་ཆགས་སུ་བཏང་བ་མ་ཟད་གྲྭ་མང་རྣམས་ཀྱང་ཁ་འཐོར་དུ་སོང་།ལོ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་དང་བོད་མི་ཁྲི་ཚོ་འགལ་བར་རྒྱ་གར་དུ་བཙན་བཅོལ་དུ་ཕེབས་དགོས་བྱུང་།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བཅོལ་དུ་ཕེབས་ཐུབ་པའི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་རྒྱ་གར་ནང་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཐུབ་པ་བྱུང་ཡོད།སྲད་རྒྱུད་གྲྭ་ཚང་འདི་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་བཀའ་སློབ་ལམ་སྟོན་འོག་ཞིང་གཤེགས་དམ་པ་༸རྗེ་བཙུན་བྱམས་པ་དབང་རྒྱལ་མཆོག་ནས་ཕྱི་ལོ་༢༠༠༠ལོར་སཱ་ལུ་གྷ་རར་དཔལ་ལྡན་སྲད་རྒྱུད་གྲྭ་ཚང་རྟེན་དང་བརྟེན་པ་ལེགས་པར་གསར་བཞེངས་གནང་རྗེས་ཕྱི་ལོ་༢༠༠༡ཟླ་༡༡ཚེས་༢ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དབུ་འབྱེད་རབ་གནས་དང་སྦྲགས།བདུན་ཕྲག་གཅིག་ལྷག་ཙམ་རིང་གསུང་ཆོས་ཡི་དམ་གསང་བདེ་འཇིགས་གསུམ་གྱི་སྨིན་བྱེད་དབང་དང་།གྲོལ་བྱེད་ཁྲིད།མགོན་ཆོས་བཞི་སོགས་ཀྱི་རྗེས་གནང་དང་།ཚེ་དབང་སོགས་བཀའ་དྲིན་སྩལ།སྐུ་རྟེན་གྱི་གཙོ་བོ་དཔལ་གསང་བ་འདུས་པའི་སྐུ་བརྙན་དང་།༸གོང་ས་མཆོག་གི་སྐུ་བརྙན་གཅིགབོད་ནས་གདན་ཞུ་གནང་བའི་སྒྲོལ་མའི་སྐུ་ཆུང་ཞིག་ཡོད།གསུང་རྟེན་༸གོང་ས་མཆོག་གིས་གསོལ་སྩལ་གནང་བའི་འགྲེལ་པ་བཞི་སྦྲགས་ཀྱི་པོད་གཅིག་བཅས་ཡོད། ཞིང་གཤེགས་སྲད་རྒྱུད་རྡོ་རྗེ་འཆང་མཆོག་ནས་གྲྭ་ཚང་འདིའི་ཆོས་སྲིད་གང་སྤྱིའི་ཐད་སྐུ་ངལ་འཛེམས་མེད་བསྐྱོན་ནས་སྔར་བོད་དུ་ཡོད་པ་ལྟར་གཙོ་བོ་དམ་ཆོས་འགྲེལ་པ་བཞི་སྦྲགས་ཀྱི་འཆད་ཉན་བཟང་པོ་དང་ཁྲིད་ཆེན་བརྒྱད་སོགས་ཚགས་ཚུད་ཡོང་སླད་དུ་༸སྐྱབས་རྗེ་པང་གནང་རིན་པོ་ཆེ་མཚོན་པས་སྐྱེས་ཆེན་རྣམས་གདན་ཞུས་ཐོག་འཆད་ཉན་མཛད་པ་ཙམ་དུ་མ་ཟད།ལོ་ལྟར་རྡུལ་ཚོན་དཀྱིལ་འཁོར་དང་འབྲེལ་ཡི་དམ་གསང་བདེ་འཇིགས་གསུམ་གྱི་སྒྲུབ་མཆོད་སོགས་ཀྱང་ཆག་མེད་ཕྱག་ལེན་དུ་གནང་བཞིན་ཡོད།༸གོང་ས་མཆོག་གི་བཀའ་དགོངས་བཞིན་མཚན་ཉིད་ཀྱི་གཞུང་ཆེན་ཁག་དུའང་སློབ་ཁྲིད་འཆད་རྩོད་ཡོད་པའི་ཁར་དེང་དུས་ཀྱི་ཤེས་ཡོན་སྦྱོང་སའི་སློབ་གྲྭ་འཛིན་རིམ་དང་པོ་ནས་བརྒྱད་པ་བར་སློབ་ཁྲིད་གནང་མུས་ཐོགགྲྭ་པའི་ཞལ་གྲངས་༢༣ཆགས་ཀྱི་ཡོད། དེ་ནས་ཕྱི་ལོ་༢༠༠༧ལོར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་མཁན་ཟུར་མཐུ་སྟོབས་མགོན་པོ་མཆོག་ལ་སྲད་རྒྱུད་གྲྭ་ཚང་གི་མཁན་པོའི་ཕྱག་རྟགས་གསོལ་སྩལ་ཐོག་ལོ་གསུམ་གྱི་རིང་རྒྱུད་གྲྭ་འདི་ཉིད་ལེགས་པར་བསྐྱངས།དེའི་རྗེས་སུ་རྒྱུད་གྲྭ་སྨད་སྟོད་གཉིས་ཀྱི་མཁན་ཟུར་རྣམས་ལ་མཁན་པོའི་ཕྱག་རྟགས་རིམ་ཕེབས་ཀྱི་མཁན་ཐོག་རེ་རེ་ཐོག་དམ་ཆོས་འགྲེལ་པ་བཞི་སྦྲགས་ཀྱི་མཚོན་རྒྱུད་ཀྱི་འཆད་ཉན་རྣམས་ལེགས་པར་བསྐྱངས་ཏེ།ད་ལྟའི་ཆར་མཁན་ཐོག་༡༠༣པ་རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་དགེ་བཤེས་བློ་བཟང་དབང་འདུས་མཆོག་སྲད་རྒྱུད་གྲྭ་ཚང་གི་མཁན་པོའི་མཛད་ཁུར་བཞེས་བཞིན་ཡོད།།།།
,
Sikkim,
༄༅།།བཙུན་དགོན་བྱང་ཆུབ་ཆོས་གླིང་ནི། རྒྱ་གར་ལྷོ་ཕྱོགས་ཀར་ན་ཀྲ་ཀ་མངའ་སྡེའི་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་གྲོང་གསུམ་པའི་ནང་ཡོད།བཙུན་དགོན་འདི་ཉིད་༸གོང་ས་༸སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གིས་༡༩༨༤ལོར་མོན་གྷོ་བོད་མིའི་གཞིས་ཆགས་སུ་ཞབས་སོར་འཁོད་སྐབས་དམིགས་བསལ་བཀའ་སློབ་ཕེབས་དགོངས་བཞིན།ཕྱི་ལོ་༡༩༨༧ཟླ་༧ཚེས་༡དྲུག་པ་ཚེས་བཞི་སྟེ་ཆོས་འཁོར་དུས་ཆེན་ཉིན་ལེགས་པར་གྲུབ་ནས་དངོས་གཞིའི་མཛད་སྒོའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་དངོས་ཀྱིས་དབུ་འབྱེད་དང་རབ་གནས་གནང་ཞིང་།བྱང་ཆུབ་ཆོས་གླིང་ཞེས་མཚན་བསྩལ་བར་མཛད་ནས་གསར་ཞུགས་བཙུན་མ་གྲངས་བཅུ་དགུའི་གཙུག་ཕུད་བྲེགས་ཏེ་བཀའ་དྲིན་བསྐྱངས། ཕྱི་ལོ་༢༠༠༣ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དགོངས་སྐོར་ཞུས་ཏེ།འདུ་ཁང་རྙིང་པ་བཤིགས་ནས་གསར་པ་རྒྱག་དགོས་ཚུལ་བཀའ་ཕེབས་པ་ལྟར་འདུ་ཁང་གསར་རྒྱག་གི་ལས་གྲྭ་བཙུགས་ཏེ་འདུ་ཁང་ཐོག་བརྩེགས་བཞི་ཅན་རྟེན་དང་བརྟེན་པ་ལེགས་གྲུབ་ཀྱིས་ཕྱི་ལོ་༢༠༠༧ལོར་༸མགོན་པོ་མཆོག་གིས་དབུ་འབྱེད་རབ་གནས་མཛད་དང་བཀའ་སློབ་ལམ་སྟོན་བཀའ་དྲིན་བསྩལ། བཙུན་དགོན་འདིའི་ནང་སྐུ་རྟེན་གཙོ་བོ་སྟོན་པ་ཐུབ་པའི་དབང་པོ་དང་།སྒྲོལ་མ་ཉེར་གཅིགའཕགས་པ་སྤྱན་རས་གཟིགས།༸རྒྱལ་བ་ཙོང་ཁ་པ།དཔལ་ལྡན་ལྷ་མོ་སོགས་དང་།གསུང་རྟེན་ལ་༸རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་བསྟན་འགྱུར་རིན་པོ་ཆེ་སོགས་མཇལ་རྒྱུ་ཡོད། ཕྱི་ལོ་༡༩༨༩ནས་བཟུང་སྟེ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་བྱེད་འགོ་བཙུགས་ཤིང་།ད་ལྟའི་ཆར་བསྡུས་གྲྭ་འཛིན་གྲྭ་ནས་འདུལ་བ་འཛིན་གྲྭའི་བར་འཛིན་གྲྭ་བཅོ་བརྒྱད་དང་།དགེ་བཤེས་མའི་དམ་འཇོག་རྗེས་གསང་སྔགས་ལ་ལོ་གསུམ་ཐོས་བསམ་གནང་གི་ཡོད།བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བསླབ་གཞི་གཙོ་བོ་གཞུང་ཆེན་བཀའ་པོད་ལྔ་ཡིན་ཞིང་།དེ་མིན་བོད་ཀྱི་རིག་གནས་དང་།རྒྱའི་སྐད་ཡིགཨིན་ཇི།ཚན་རིག་སོགས་སློབ་ཁྲིད་བྱེད་ཀྱི་ཡོད།ད་ལྟ་བཙུན་མའི་ཞལ་གྲངས་༢༨༠ཡོད་པ་ལས་དགེ་བཤེས་མའི་རྒྱུགས་སྤྲོད་ཐོན་པ་ཞལ་གྲངས་༢༢དང་།དགེ་བཤེས་མའི་རྒྱུགས་སྤྲོད་ཕེབས་བཞིན་པ་ཞལ་གྲངས་༣༢ཡོད།།།།
,
Karnataka,
༄༅། །རི་བོ་དགེ་ལྡན་པའི་སྲོལ་འབྱེད་ཆེན་པོ་༸རྗེ་ཙོང་ཁ་པ་ཆེན་པོའི་སྐུ་ཚེའི་སྨད་དེ་ཕྱི་ལོ་ ༡༤༡༩ ལོར་སེ་ར་ཆོས་སྡིངས་སུ་༸རྗེ་རིན་པོ་ཆེའི་འཁོར་སློབ་མཁས་མང་འདུས་པའི་དབུས་སུ་གསང་སྔགས་ཀྱི་ཆོས་སྐལ་གནང་བཞིན་པའི་སྐབས། ༸རྗེ་ཙོང་ཁ་པས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་གླེགས་བམ་ཕྱག་ཏུ་བཏེགས་ནས། མ་འོངས་པར་འདིའི་བདག་པོ་ནུས་པ་སུ་ཡོད་ཅེས་ལན་གསུམ་གྱི་བར་བཀའ་བསྒྲགས་པ་ན། མཁས་པ་གཞན་སུས་ཀྱང་ལན་ཞུ་བར་མ་སྤོབས་པའི་ཚུལ་དུ་བཞུགས་སྐབས། ༸རྗེ་བཙུན་ཤེས་རབ་སེངྒེ་མཆོག་མཁས་མང་རྒྱ་མཚོའི་དབུས་ནས་བཞེངས་ཏེ། མ་འོངས་པར་དགེ་ལྡན་གསང་སྔགས་ཀྱི་བསྟན་པ་བདག་གིས་འཛིན་ནོ། །ཞེས་༸རྗེ་ཙོང་ཁ་པའི་དྲུང་དུ་དམ་བཅའ་ཕུལ་བ་ལ། ༸རྗེ་ཙོང་ཁ་པ་ཆེན་པོ་ཐུགས་ཤིན་ཏུ་དགྱེས་ནས། དཔལ་གསང་བ་འདུས་པའི་སྐུ་བརྙན་བྱིན་ཅན་དང༌། རྒྱུད་འགྲེལ་ཆེན་མོའི་ཕྱག་དཔེ་སོགས་དམ་རྫས་ཁྱད་པར་ཅན་མང་དུ་གནང་ནས་གསང་སྔགས་བསྟན་པའི་བདག་པོར་མངའ་གསོལ་བ་བཞིན། ཕྱི་ལོ་ ༡༤༣༣ ལོར་རྗེ་བཙུན་ཤེས་རབ་སེངྒ་མཆོག་ནས་རྒྱུད་སྨད་གྲྭ་ཚང་འདི་ཉིད་ཕྱག་བཏབ། དེ་ནས་ད་ལྟའི་བར་ལོ་ ༥༩༡ ཕྱིན་ཡོད། གསུང་རྟེན་བཀའ་འགྱུར་བསྟན་འགྱུར་ཚར་ཁ་ཤས། རྗེ་ཡབ་སྲས་དང། ༸རྒྱལ་དབང་པཎ་ཆེན་སོགས་མཁས་གྲུབ་དུ་མའི་གསུམ་འབུམ་སོགས་མང། གྲྭ་ཚང་རང་གི་ཡིག་ཆ་པོད་དུ་མ། སྐུ་རྟེན༸རྗེ་ཤེས་རབ་སེངྒེའི་འབྲལ་སྤང་སོགས་སྐུ་རྙིང་། འདུ་ཁང་དུ་རྟེན་གཙོ་ཐུབ་པའི་དབང་པོ། རྗེ་ཡབ་སྲས། ཡི་དམ་རྣམ་གསུམ་གྱི་སྐུ་དང་བློས་བསླང་དཀྱིལ་འཁོར། ལྷག་པར་དུ་༸རྗེ་ཤེས་རབ་སེངྒེའི་སྐུ་བརྙན་བཞིན་འཛུམ་མ་སོགས་ཧ་ཅང་མང་། ཞལ་ཐང་ནི། ཙོང་ཁ་བརྒྱད་ཅུ་དང། དཔག་བསམ་ཁྲི་ཤིང་སོགས་གྲངས་ལས་འདས། གདན་ས་ཁག་ནས་ཕེབས་པའི་དགེ་བཤེས་གཙོ་བོར་གྱུར་པའི་སློབ་མ་རྣམས་ལ་མཁན་རིན་པ་ཆེ་ནས་སྔར་སྲོལ་གསང་སྔགས་ཀྱི་འཆད་ཉན་མང་དུ་ཡོད་པའི་སྟེང་། དེང་རབས་ཀྱི་འགྲོས་དང་བསྟུན་ནས། དགེ་འདུན་ན་གཞོན་རྣམས་ལ་ཐུན་མོང་བའི་རིག་གནས་སྐད་ཡིག་སོགས་དང། མདོ་སྔགས་གཉིས་ཀའི་གཞུང་ཆེན་སློབ་གཉེར་ལོ་ངོ་བཅོ་ལྔ་འགྲིམ་དགོས་ཤིང་། ལོ་སོ་སོར་རྒྱུགས་སྤྲོད་དང། མཐར་སྔགས་རམས་ཐོན་པ་ཡིན། གྲྭ་ཚང་དུ་གཏན་བཞུགས་ ༤༠༠ སྐོར་དང། དགེ་བཤེས་སོགས་ཕྱི་ལ་བཞུགས་པ་ ༡༢༠༠། ཕྱི་ནང་གཉིས་ཀ་བསྡོམས་དགེ་འདུན་ཞལ་གྲངས་ ༡༧༠༠ སྐོར་ཡོད། དེའི་ནང་བོད་རིགས་དང། ཧི་མཱ་ལ་ཡའི་རི་རྒྱུད་ལ་དྭགས་དང་། མོན། ཁུ་ནུ། བལ་ཡུལ་སོགས་དང། སོག་པོ་དང་། འབྲུག་པ་བཅས་ཚུད་ཡོད་པ་བཅས།། །།
,
Karnataka,
༄༅། །བླ་བྲང་བཀྲ་ཤིས་འཁྱིལ་ནི། མདོ་སྨད་ལྷོ་བྱང་གི་སའི་ཆར་གཏོགས་པའི་བསང་ཁོག་བཀྲ་ཤིས་འཁྱིལ་ཞེས་པར་ཕྱི་ལོ་ ༡༧༠༩ ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་ངག་དབང་བརྩོན་འགྲུས་ཀྱིས་འདུ་ཁང་གསར་བཞེངས་དང་འབྲེལ། ཐོས་བསམ་གླིང་དང་རྒྱུད་སྨད་གྲྭ་ཚང་གཉིས་གསར་བསྐྲུན་གྱིས་འཆད་ཉན་གྱི་བྱ་བ་རྣམས་ལེགས་པར་བཙུགས། དེ་རྗེས་ཁོང་གི་ཐུགས་སྲས་ངག་དབང་བཀྲ་ཤིས་ཀྱིས་ཡུན་རིང་བསྐྱངས་པ་དང་། རིམ་བཞིན་ཀུན་མཁྱེན་སྐུ་ཕྲེང་གཉིས་པས་སྔར་གྱི་འདུ་ཁང་དེ་ཀ་བ་བརྒྱ་དང་བཞི་བཅུར་རྒྱ་སྐྱེད་གནང་བ་དང་། དུས་འཁོར་དང་སྨན་པ་གྲྭ་ཚང་གཉིས་གསར་འཛུགས་གནང་། སྐུ་ཕྲེང་བཞི་པས་ཀྱེ་རྡོར་གྲྭ་ཚང་བཏབ་ཅིང་བཙན་ཁང་ཆེན་མོ་སོགས་བཞེངས། སྐུ་ཕྲེང་ལྔ་པས་རྒྱུད་སྟོད་གྲྭ་ཚང་གསར་དུ་བཏབ་པ་སོགས་ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་དང་། གུང་ཐང་བསྟན་པའི་སྒྲོན་མེ་སོགས་གསེར་ཁྲི་རྣམ་པ་བཞི་དང་། མཁན་པོ་རྣམ་པ་བརྒྱད་སོགས་སྐྱེས་ཆེན་དམ་པ་དུ་མས་ཆོས་སྲིད་གཉིས་ཀྱི་ཆ་ནས་ལེགས་པར་བསྐྱངས་པའི་ཆོས་སྡེ་ཞིག་ཡིན། བྱེས་ཀྱི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་སྐུ་ཞབས་གུང་ཐང་ཚུལ་ཁྲིམས་ལགས་ཀྱིས་ཐུགས་འགན་གཙོ་བོར་བཞེས་ཏེ། ཕྱི་ལོ་ ༡༩༦༥ལོར་མདོ་སྔགས་བསྟན་པའི་འབྱུང་གནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་ཚབ་དུ་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་དུ་ཕྱག་བཏབ་ཅིང་། ཕྱི་ལོ་ ༡༩༦༧ ལོར་༸གོང་ས་མཆོག་སྐུ་དངོས་སུ་ཕེབས་ཏེ་རབ་གནས་དང་བཀའ་སློབ་ལམ་སྟོན་སྩལ། འདུ་ཁང་གི་རྟེན་གཙོ་བོ་༸སྟོན་པ་གཙོ་འཁོར་གསུམ་དང་། དེའི་གཡས་གཡོན་དུ་༸རྗེ་ཡབ་སྲས་གསུམ།༸རྒྱལ་བ་བྱམས་པ། སྤྱན་རས་གཟིགས། རྗེ་བཙུན་སྒྲོལ་མ།༸རྗེ་རིན་པོ་ཆེའི་སྟོང་སྐུ། ཀུན་མཁྱེན་ཡབ་སྲས་སོགས་མི་ཉུང་བ་ཞིག་དང། གཞན་ཡང་བྱང་ཆུབ་མཆོད་རྟེན་ཆེན་པོའི་གཡས་གཡོན་དུ་མཆོད་རྟེན་ཆེན་པོ་བརྒྱད་ཡོད། ད་ལྟ་དགེ་འདུན་ཞལ་གྲངས་ ༨༤ དང་། གཙོ་བོ་གཞུང་ཆེན་བཀའ་པོད་ལྔ་དང་། གཞི་རིམ་སློབ་གྲྭ་ལྟར་གྲྭ་ཚང་གི་སློབ་གྲྭ་ལ་སྐད་ཡིག་འཛིན་གྲྭ་བརྒྱད་པ་བར་དང་། དེ་རྗེས་བློ་གསལ་འཇུག་ངོགས། ཡང་གསལ་སྣང་མཛོད་སོགས་དང་། ཨིན་ཇི། ཧིནྡཱི། ཨང་རྩིས་བཅས་འཛིན་གྲྭ་བརྒྱད་པ་བར་དང་། དགེ་འདུན་པའི་སྒྲིག་འཛུགས་དང་། ཀུན་སྤྱོད་སོགས་ཀྱི་ཐོག་ལ་ཉེ་འཁོར་དུ་ཡོད་པའི་མི་མང་ནས་དགའ་དད་གུས་གསུམ་གྱིས་བསྟོད་པའི་མེ་ཏོག་གཏོར་བཞིན་ཡོད་ལ། དགེ་འདུན་པ་རྣམས་ཀྱིས་ཀྱང་ཐུགས་མཐུན་ཁྲིམས་གཙང་གི་སྒོ་ནས་སློབ་གཉེར་མུ་མཐུད་གནང་བཞིན་ཡོད།། །།
,
Uttarakhand,
༄༅།།རྭ་སྟོད་གྲྭ་ཚང་ནི། སྔོན་གྱི་གདན་ས་ཆེན་པོ་དྲུག་གི་ནང་ཚན་གསང་ཕུར་ཕྱི་ལོ་༡༤༢༠ཙམ་ལ་རྗེའི་དངོས་སློབ་མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོས་ཕྱག་བཏབ་པའི་མཚན་ལ། རྭ་བ་སྟོད་ཅེས་ཚད་མ་རྣམ་འགྲེལ་འཆད་ཉན་གཙོ་བོར་མཛད་པའི་གྲྭ་ཚང་ཆེན་པོ་ཞིག་བྱུང་། དེ་ནས་འཇམ་དབྱངས་བླ་མ་མཆོག་ལྷ་འོད་ཟེར་སོགས་ལས་རིམ་བཞིན་འཆད་ཉན་ཡར་ངོའི་ཟླ་ལྟར་རྒྱས་པར་བྱུང་། འཆད་ཉན་གྱི་སློབ་དཔོན་༡༩པ་ཡོངས་འཛིན་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱི་སྐུ་དུས་ཕྱི་ལོ་༡༦༦༧ཙམ་ནས་གྲྭ་ཚང་འདི་བཞིན་སྙེ་ཐང་དུ་སྤོས་ཤིང་། ༸རྒྱལ་དབང་ལྔ་པ་ཆེན་པོས་གཟིགས་པ་ཆེར་མཛད་ལ་བརྟེན་ནས་གཞུང་དགོན་དུ་གྱུར། དེར་འདུ་ཁང་དང་ཆོས་རྭ་ཁམས་ཚན་༩ཡོད་ཡིག་ཆ་ནི། འཇམ་དབྱངས་བླ་མ་གཙོས་གྲྭ་ཆུང་བ་སོགས་ཀྱིས་མཛད་པ་ཁག་ཡིན། ལོ་འཁོར་ཆོས་ཐོག་བརྒྱད་ལས།འཇང་དགུན་ཆོས་ལ་གདན་ས་ཁག་ནས་དམིགས་བསལ་གྱིས་རྣམ་འགྲེལ་སློབ་གཉེར་བ་རྣམས་ཕེབས་སྲོལ་ཡོད། གསང་ཕུ་དབྱར་ཆོས་ཀྱང་བླ་ཁག་བཅུ་མཉམ་ཚོགས་ཀྱིས་གསེར་ཁྲིའི་དགེ་བཤེས་ཀྱི་དམ་འཇོག་ཀྱང་བྱེད། མཁན་པོ་བློ་བཟང་དཔལ་ལྡན་བར་འཆད་ཉན་པ་དང་མཁན་རབས་༤༣བར་བྱུང་། ཕྱི་ལོ་༡༩༥༩ལོར་དུས་ཉེས་བྱུང་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་རིམ་བཞིན་རྒྱ་གར་ལྷོ་ཕྱོགས་སུ་གདན་ས་སོ་སོའི་གནས་གཞི་ཆགས་ཏེ། དགོན་གནས་འདི་ཉིད་ཀྱང་མཁས་མང་བློ་གསལ་གླིང་གིས་གཟིགས་པ་ཆེན་པོའི་འོག་ནས་སླར་གསོ་ཐུབ་པ་བྱུང་ཡོད། དེར་འདུ་ཁང་དུ་སྟོན་པའི་སྐུ་གསེར་ཟངས་ལས་གྲུབ་པ་ཐོག་བརྩེགས་གཅིག་ཙམ་ཞིག་དང་། ཏེ་ལོ་པའི་སྐུ་བྱིན་ཅན་གཅིགཇོ་ལེགས་འབྲོམ་གསུམ། རྗེ་ཡབ་སྲས་གསུམ། རྗེ་བཙུན་སྒྲོལ་མའི་སྐུ། འཇམ་དབྱངས་བླ་མ་མཆོག་ལྷ་འོད་ཟེར་གྱི་སྐུ་བཅས་ཡོད། མགོན་ཁང་དུ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་སྐུ་དང་། བསེ་ཁྲབ་གཙོ་འཁོར་གྱི་སྐུ་བཅས། དགེ་འདུན་ཞལ་གྲངས་༡༤༥ ཙམ་ཡོད། ༸གོང་ས་མཆོག་གིས་བསྐོ་གཞག་གནང་བའི་མཁན་པོ་༸སྐྱབས་རྗེ་ཆུ་དབར་རིན་པོ་ཆེ་མཆོག་ནས་ད་བར་མཁན་རབས་༦བར་བྱུང་བ་བཅས་སོ།།།།
,
Karnataka,
༄༅། །སེ་ར་ཐེག་ཆེན་གླིང་ནི། རྗེ་ཙོང་ཁ་པས་རང་གི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ལ་བཀའ་མངགས་གནང་བ་ལྟར། ལྷ་སའི་བྱང་ངོས་རྒྱབ་རི་གླང་ཆེན་ཉལ་འདྲའི་འདབས་སུ་རབ་བྱུང་བདུན་པའི་ས་ཕག་ཕྱི་ལོ་ ༡༤༡༩ལོར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་ཕྱག་བཏབ། ཐོག་མར་གནས་དེར་ཤིང་སེ་བའི་སྡོང་པོ་ར་བ་བསྐོར་བ་ལྟར་ཡོད་པས་སེ་ར་ཞེས་པའི་མིང་ཡང་དེ་ལྟར་ཐོགས། ཐོག་མར་ཚོགས་ཆེན་གཅིག་དང་།གྲྭ་ཚང་བཞི། ཁམས་ཚན་སོ་གསུམ། གྲྭ་ཤག་སྟོང་ཕྲག་གསུམ་ལྷག་ཙམ་བར་འཕེལ་རྒྱས་བྱུང་། གདན་ས་འདིའི་སྐུ་གསུང་ཐུགས་རྟེན་སྐོར་ཚོགས་ཆེན་འདུ་ཁང་ཆེན་མོར་གུང་རུ་རྒྱལ་མཚན་བཟང་པོས་བཀའ་བསྒོ་ཕུག་ནས་གདན་དྲངས་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་དང་། དུར་ཁྲོད་ཆེན་པོ་བསིལ་པ་ཚལ་གྱི་རྡོ་ནག་ལས་གྲུབ་པའི་མགོན་པོ་ཕྱག་བཞི་པ་སོགས་དང་། ཇོ་བོ་རྗེའི་ཚེམས་བཞུགས་པའི་གདུང་རྟེན་སོགས་ཉིས་བརྒྱ་ཉི་ཤུ་བཞུགས། གསེར་དངུལ་འདྲེས་མས་བཞེངས་པའི་བཀའ་འགྱུར་དང་། ཆོས་སྐྱོང་སྐོར་གྱི་སྐུ་ཐང་བྱིན་ཅན་ལྔ། བྱམས་ཆེན་གྱི་ཞལ་རས་ལྷ་ཁང་དུ་ནོར་བུ་བསམ་འཕེལ་དང་རིང་བསྲེལ་སོགས་བཞུགས་པའི་ཇོ་བོ་རྗེའི་སྐུ་སོགས་འདིར་མཚོན་ཙམ་བཀོད་པ་མ་གཏོགས་རྩ་ཆེའི་རྟེན་གསུམ་གྲངས་ཀྱིས་མི་ལང་ངོ་། ། དེང་སང་དགེ་འདུན་གྱི་ཞལ་གྲངས་བཞི་སྟོང་ལྔ་བརྒྱ་དང་སློབ་གཉེར་གནང་སྟངས་ནི། རྒྱལ་བའི་བཀའ་བསྟན་གཉིས་གཞིར་བཅས་ཀླུ་སྒྲུབ་ཡབ་སྲས་སོགས་འཕགས་ཡུལ་གྱི་པཎ་གྲུབ་དང་། རྗེ་ཙོང་ཁ་པ་ཡབ་སྲས་སོགས་བོད་ཀྱི་མཁས་གྲུབ་དམ་པ་རྣམས་ཀྱི་ལེགས་བཤད་རི་བོའི་གཏོས་དང་མཉམ་པ་དེ་དག་ལ་ལོ་ངོ་ཉི་ཤུ་ལྷག་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་གནང་བཞིན་པ་ལགས་སོ།། །།
,
Karnataka,
༄༅།།ཆོས་གྲྭ་བཀྲ་ཤིས་ལྷུན་པོ་ནི།རྒྱལ་མཆོག་༸སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་པ་དཔལ་བཟང་པོ་མཆོག་གིས་ཕྱི་ལོ་༡༤༤༧ལོར་གཙང་གི་གཡས་རུའི་སའི་ཆར་ཉང་ཆུ་དང་ཆུ་བོ་ཡར་ཀླུང་གཙང་པོ་འདྲེས་མཚམས་གཞིས་ཁ་བསམ་འགྲུབ་ཡང་རྩེའི་རི་འདབས་སུ་ཕྱག་བཏབ།ཐོག་མར་འདུ་ཁང་ཀ་བ་༤༨དང་།འདུ་ཁང་གི་སྦུག་ཏུ་གཙང་ཁང་གསུམ་བཅས་གསར་དུ་བཞེངས།གཙང་ཁང་དབུས་མའི་རྟེན་གཙོར་རྗེ་བཙུན་ཤེས་རབ་སེངྒེའི་དགོངས་རྫོགས་སུ་བཞེངས་པའི་ཐུབ་དབང་བདུད་འདུལ་མའི་སྐུ་བརྙན་སོགས་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་ཡོད། ཐོག་མར་གྲྭ་ཚང་གསུམ་བྱུང་བ་སྟེ།ཤར་རྩེ་བསམ་གཏན་གླིང་དང་།དཀྱིལ་ཁང་ལེགས་བཤད་སྒྲོགས་པའི་གླིང་།ཐོས་བསམ་ནོར་བུའི་གླིང་དང་།རྗེས་སུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་རྗེ་དགེ་འདུན་གྲུབ་ཀྱི་དགོངས་བཞེད་དང་མཐུན་པར་གསང་སྔགས་རྒྱུད་པ་གྲྭ་ཚང་གསར་འཛུགས་མཛད་དེ་གྲྭ་ཚང་བཞི་བྱུང་ཡོད།ཕྱི་ལོ་༡༧༦༢ལོར་པཎ་ཆེན་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་དུས་འཁོར་གྲྭ་ཚང་གསར་དུ་བཙུགས་གནང་།པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་དུས་སུ་དགེ་འདུན་ཞལ་གྲངས་༣༠༠༠ལྷག་ཡོད་ཅིང་།དེ་ནས་ཕྱི་ལོ་༡༩༥༩ལོའི་བར་དགོན་པ་རང་དུ་རྒྱུན་བཞུགས་དགེ་འདུན་པ་༥༠༠༠བརྒལ་བ་ཡོད། བོད་ཡུལ་གངས་ཅན་གྱི་ལྗོངས་སུ་༸རྒྱལ་བའི་བསྟན་པ་རིན་པོ་ཆེའི་བསྟི་གནས་ཡོངས་རྫོགས་རྒྱ་ནག་དམར་པོའི་དཔུང་ཚོགས་ནས་རྩ་མེད་བཏང་ཟིན་པའི་ཁོངས་སུ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་ཡང་རྩ་བརླག་ཏུ་བཏང་བར་བརྟེན།བསྟན་རྒྱུན་ཉམས་གསོའི་ཆེད་རྒྱ་གར་ལྷོ་ཕྱོགས་སྦེལ་ལ་ཀོབ་པའི་བདེ་སྐྱིད་སླར་གསོའི་གཞིས་སྒར་ནང་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་དགོན་གནས་གསར་བཞེངས་ཞུས་འཐུས་ཆོག་པ་ཞེས་༸གོང་ས་༸སྐྱབས་མགོན་ཆེན་པོར་༸སྙན་ཞུ་ཕུལ་བར་ཐུགས་དགྱེས་ཆེན་པོས་བཀའ་འཁྲོལ་ལེགས་པར་ཐོབ་སྟེ།བཀའ་བཟང་དབུགས་དབྱུང་གསུང་གི་བདུད་རྩི་སྤྱི་སྨིན་བཀའ་དྲིན་ཆེ་སྩལ་དང་ཐུགས་འགན་རྐང་བཞེས་འོག་ཕྱི་ལོ་༡༩༧༢ལོར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཁུལ་དུ་བདེ་སྐྱིད་སླར་གསོའི་གཞིས་གྲོང་བཅུ་བཞི་པའི་ནང་གསར་བཞེངས་གནང་ཐུབ་པ་བྱུང་ཡོད།དེ་ཡང་ཐོག་མར་བོད་རྒྱལ་ལོ་༢༠༩༨ཕྱི་ལོ་༡༩༧༢ཟླ་༣ཚེས་༡༩གཟའ་སྐར་འཕྲོད་སྦྱོར་འཛོམས་པའི་ཉིན་འཕགས་ཡུལ་ནང་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་བསྟན་དགོན་གསར་དུ་དབུ་བརྙེས་པའི་རྟེན་འབྱུང་ཆོས་མཐུན་མཛད་སྒོ་གནང་། ད་ཆ་༸སྐྱབས་མགོན་རྒྱལ་དབང་ཕྱག་ན་པདྨོའི་ཐུགས་བསྐྱེད་བཟང་པོས་བྱེས་ཀྱི་གདན་ས་འདིར་དགེ་འདུན་ཞལ་གྲངས་ཀྱང་འཕེལ་ཏེ་དེང་དུས་ཞལ་གྲངས་༤༡༣བཞུགས་ཡོད།སློབ་གཉེར་གནང་སྟངས་ཀྱང་གཞུང་ཆེན་བཀའ་པོད་ལྔའི་རྩ་བ་དང་།རྒྱ་འགྲེལ་ཁགམཉམ་མེད་༸རྗེ་ཙོང་ཁ་པ་ཆེན་པོ་དང་།༸རྒྱལ་བའི་རྒྱལ་ཚབ་དར་མ་རིན་ཆེན།མཁས་གྲུབ་དགེ་ལེགས་དཔལ་བཟང་།པཎ་ཆེན་ཐམས་ཅད་མཁྱེན་པ་༸རྗེ་དགེ་འདུན་གྲུབ་པ།པཎ་ཆེན་ཐམས་ཅད་མཁྱེན་པ་༸རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནས་བཟུང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མདོ་སྔགས་གཞུང་སྤྱི་དང་།ཀུན་མཁྱེན་ལེགས་པ་དོན་གྲུབ།པཎ་ཆེན་བློ་གྲོས་ལེགས་བཟང་།ཀུན་མཁྱེན་ཆོས་འབྱོར་དཔལ་བཟང་།འཇམ་དབྱངས་བློ་གྲོས་བཤེས་གཉེན།རྗེ་རྟ་ནག་པ་དགེ་འདུན་བློ་བཟང་།པཎ་ཆེན་ཤནྟི་པ་བློ་གྲོས་རྒྱལ་མཚན།རྗེ་སངས་རྒྱས་རྒྱ་མཚོ་བཅས་ཀྱིས་མཛད་པའི་མདོ་ཕྱོགས་ཀྱི་གཞུང་བཅས་ལ་འཆད་ཉན་གཙོ་བོ་གནང་གི་ཡོད། གསང་སྔགས་རྒྱུད་པ་གྲྭ་ཚང་དུ་ཡི་དམ་གསང་བ་འདུས་པ་དང་།འཁོར་ལོ་བདེ་མཆོགདཔལ་རྡོ་རྗེ་འཇིགས་བྱེད་བཅས་ཀྱི་བསྐྱེད་རྫོགས་ཀྱི་འཆད་ཉན།དེ་བཞིན་ཡི་དམ་གསང་བདེ་འཇིགས་གསུམ་དང་།ཀུན་རིགཚེ་དཔག་ལྷ་དགུ།ཕྱག་རྡོར་འབྱུང་འདུལ།རྡོ་རྗེ་རྣམ་འཇོམས།ཁྲོ་བོ་རྨེ་བརྩེགས་བཅས་ཀྱི་སྒྲུབ་མཆོད་དང་།ལོ་རེའི་བོད་ཟླ་༡༢ཚེས་༢༩ཉིན་དགུ་གཏོར་གྱི་གར་འཆམ་དང་གཏོར་ཟོར་འཕེན་པ་བཅས་ཀྱི་ཕྱག་བཞེས་རྣམས་ཉམས་མེད་ཕྱག་ལེན་དུ་བསྟར་བཞིན་མཆིས།།།།
,
Karnataka,