༄༅། །གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་ནི། ཕྱི་ལོ་ ༡༩༥༩ ལོར་རྒྱལ་བསྟན་སྤྱི་ལ་གོད་ཆག་བྱུང་ནས་གཞན་ཡུལ་དུ་གྱར་དགོས་བྱུང་བ་དང་བསྟུན། ༸ཞྭ་དཀར་བསྟན་པའི་གཙུག་རྒྱན་ྋསྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གིས་ཕྱི་ལོ་༡༩༧༠ལོར་བྱེས་ཀྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་ཕྱག་བཏབ་པ་མ་ཟད། ཕྱིས་སུ་ཕྱི་ལོ་ ༢༠༠༥ ལོར་སྔགས་དགོན་དེ་ནི་བོན་གཞིས་ཐོབ་རྒྱལ་གསར་པའི་རྒྱབ་ངོས། གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་ནུབ་ངོས་སུ་ྋསྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གིས་གསར་སྐྲུན་གྱི་དབུ་འཛུགས་གནང་། དེ་ནས་ལོ་རེ་བཞིན་དབྱར་ཆར་གྱིས་རྨང་གཞི་སོགས་ཡང་དང་བསྐྱར་དུ་བཤིགས་ནས་སྐུ་ཚེགས་ཆེན་པོ་བྱུང་ཡོད་ན་ཡང་།ལོ་ངོ་དྲུག་གི་རིང་རིན་པོ་ཆེ་ཁོང་རང་ཉིད་ཀྱིས་དངོས་སུ་ཐུགས་བཀོད་སོགས་མཛད་དེ་བཞེངས་སྐྲུན་གནང་བ་ཞིག་ཡིན། མཐར་ཕྱི་ལོ་ ༢༠༡༡ ལོར་ལེགས་གྲུབ་བྱུང་སྟེ་ཟླ་ ༡༡ ཚེས་ ༥ ཉིན་རྟེན་འབྲེལ་གྱི་རབ་གནས་སོགས་མཛད་ཅིང་། ད་ལྟའི་ཆར་སྔགས་པ་ ༡༨ དང་། སྔགས་མ་ ༩ བཅས་ཁྱོན་བསྡོམས་སྔགས་འཆང་ཞལ་གྲངས་ ༢༧ བཞུགས་ཡོད། སྒོམ་སྒྲུབ་གླིང་གི་མཚན་ཡང་ཐོག་མར་༸སྐྱབས་རྗེ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་གཤེན་ཀླུ་སྒོམ་སྒྲུབ་གླིང་ཞེས་མཚན་གསོལ་བ་དང་། རྗེས་སུ་ཅུང་བསྒྱུར་བ་མཛད་དེ། གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་ཞེས་མཚན་གསོལ་ཡོད།། །།
,
Himachal Pradesh,
༄༅།།བཙུན་དགོན་རཏྣ་སྨན་གླིང་ནི། ༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༣ པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༢༠༠༡ ལོར་བོན་གཞིས་ཐོབ་རྒྱལ་གསར་པའི་སྲིབ་ཕྱོགས་སུ་ཕྱག་བཏབ། རིམ་བཞིན་འདུ་ཁང་དང་རྟེན་གཙོ་སྨན་འདམ་ལས་བཟོས་པའི་ཡུམ་ཆེན་མོ་ཤེས་རབ་བྱམས་མའི་སྐུ་ཐོག་བརྩེགས་གཅིག་ཅན་དང་།རྒྱལ་བའི་བཀའ་རིན་པོ་ཆེ།རྗེས་འཇུག་མཁས་པའི་བཀའ་བརྟེན་བཅས་མཆོད་པའི་རྟེན་དུ་བཞེངས་སུ་གསོལ།དེ་བཞིན་བཙུན་དགོན་གྱི་སྒྲུབ་ཁང་དང་།བཙུན་མའི་བཞུགས་ཤག། གསོལ་ཐབ་ཁང་དང་མགྲོན་ཁང་། སྨན་ཁང་དང་དཔེ་མཛོད་ཁང་། ལས་ཁུངས་བཅས་གསར་བཞེངས་ལེགས་གྲུབ་བྱུང་། ཕྱི་ལོ་༢༠༡༠ལོར་བཙུན་མའི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་གསར་འཛུགས་ཀྱིས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་ཐུན་མོང་མིན་པ་དང་ཐུན་མོང་བོད་ཀྱི་རིག་གནས་ཀུན་ལ་འཆད་ཉན་སློབ་གཉེར་གནང་བའི་རབ་འབྱམས་པ་རྣམས་ལ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་འབུལ་བའི་སྲོལ་ཡང་བཙུགས་ནས་ཕྱི་ལོ་༢༠༢༢ལོ་དང་༢༠༢༣ལོར་བཅས་སྔ་ཕྱི་ཐེངས་གཉིས་ལ་བཙུན་མའི་སློབ་ཐོན་པ་རྣམས་ལ་ཞྭ་དཀར་བསྟན་པའི་གཙུག་རྒྱན་༸སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་༣༤པ་ལུང་རྟོགས་ཟླ་བ་དར་རྒྱས་མཆོག་གིས་དགེ་བཤེས་མའི་ཕྱག་འཁྱེར་གནང་ནས་ད་བར་དགེ་བཤེས་མ་གྲངས་༩བྱུང་ཡོད།བསྙེན་སྒྲུབ་ཆོ་ག་ཕྱག་ལེན་དུས་མཆོད་ཁག་ནི་རྒྱལ་བ་སྨན་རི་བའི་ཕྱག་སྲོལ་ཇི་བཞིན་གནང་བཞིན་པ་དང་།དེང་སྐབས་བཙུན་མ་བོད་རིགས་དང་ཁུ་ནུ་བ། བལ་པོ་བཅས་ནས་ཞལ་གྲངས་༨༠ཙམ་བཞུགས་མུས་ཡིན།།།།
,
Himachal Pradesh,
༄༅། །གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེ་ནི། བོད་ཡུལ་དུ་དམུ་གཤེན་ཉི་མ་རྒྱལ་མཚན་མཆོག་གིས་དུས་རབས་བཅུ་བཞི་པའི་ནང་དུ་གཤེན་གྱི་གདན་ས་རྒྱ་སྐྱེད་གནང་སྟེ་གཙང་ཁུལ་དར་ལྡིང་རི་རྒྱལ་རྩེར་ཕྱག་བཏབ། འདི་ནི་སྟོན་པ་གཤེན་རབ་ཀྱི་གདུང་ལས་གྲོལ་བའི་སྐྱེས་ཆེན་རྣམས་ཀྱི་གདན་ས་ཡིན་པ་མ་ཟད། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་པོ་བྱོན་ཞིང་གཡུང་དྲུང་བོན་གྱི་གཞུང་ལུགས་ཁག་ལ་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་གསུམ་གྱི་མཛད་པའི་འཕྲིན་ལས་ཕྱོགས་ཀུན་ཏུ་དར། བཙན་བྱོལ་ནང་བལ་ཡུལ་དུ་སྨན་རིའི་སློབ་དཔོོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༨༧ ལོར་གློ་དོལ་འབྲོག་གསུམ་གྱི་མངའ་ཁུལ་དུ་ཡོད་པའི་བོན་འབངས་རྣམས་ཀྱིས་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེར་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ། བཤད་སྒྲུབ་སྒོམ་གསུམ་བཅས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་བསྟི་གནས་དགོན་པ་ཞིག་བཞེངས་གནང་ཡོང་བར་རེ་སྐུལ་ཞུས་དོན་ལྟར་བལ་ཡུལ་འཕགས་པ་ཤིང་ཀུན་གྱི་ཉེ་འགྲམ་དུ་ཕྱག་བཏབ། ཕྱིས་སུ་རྨ་རོང་དགེ་བཤེས་ཉི་མ་དབང་རྒྱལ་མཆོག་གིས་དགོན་འདིའི་མཁན་པོའི་ཐུགས་འགན་བཞེས། ༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་ཐུགས་རྗེ་བླ་མེད་དང་རྒྱལ་ཕྱི་ནང་གི་དད་སྦྱིན་ཁག་གི་མཐུན་འགྱུར་ལ་བརྟེན་ནས་ཕྱི་ནང་གི་རྟེན་དང་བརྟེན་པ་ད་ཡོད་བཤད་གྲྭ་དང་། སྒྲུབ་གྲྭ། ཆེད་སྦྱོང་འཛིན་གྲྭ། སྔོན་འགྲོའི་སློབ་གྲྭ། སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་བཅས་འཐུས་ཚང་འཆད་ཉན་གྱི་སྲོལ་བཙུགས་ཏེ་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་མདོ་སྔགས་སེམས་གསུམ་དང་། རིག་པའི་གནས་ལྔའི་དོན་ལ་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ། བཤད་སྒྲུབ་གཉིས་ཀྱིས་བསྟན་པ་བཟུང་སྟེ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་དང་། རྫོགས་པ་ཆེན་པོའི་གཞུང་ཆེན་ཨ་སྙན་རྫོགས་གསུམ་གྱི་གཞུང་དོན་ལ་མངའ་བརྙེས་ཤིང་བླ་མེད་རྫོགས་པ་ཆེན་པོའི་ཉམས་ལེན་མངོན་དུ་གྱུར་པའི་གཤེན་གྱི་རྣལ་འབྱོར་བ་ལོ་རེ་བཞིན་བྱུང་དང་འབྱུང་བཞིན་ད་ལྟའི་བར་དུ་དགེ་བཤེས་དང་སྒྲུབ་ཐོན་པ་ཉིས་བརྒྱ་ཡས་མས་ཙམ་ཐོན་ཟིན། དེང་སྐབས་༸སྐྱབས་རྗེ་མཁན་ཆེན་བསྟན་པ་གཡུང་དྲུང་རིན་པོ་ཆེ་མཆོག་དང་། སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེ། སྒྲུབ་གྲྭའི་མཁན་པོ་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ་རྣམ་གསུམ་དང་། བཤད་སྒྲུབ་མཁན་རིན་པོ་ཆེ། བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ། རྩ་འཛིན་སློབ་དཔོན་རྣམ་པ་དབུ་བཞུགས་འོག་བོད་དང་ཧི་མཱ་ལ་ཡའི་རི་རྒྱུད་བཅས་ནས་དགེ་བཙུན་ཞལ་གྲངས་ ༢༢༤ བཞུགས་ཡོད། སྤྱིར་གཡུང་དྲུང་བོན་གྱི་ལུགས་ལ་ཆོ་གའི་ཕྱག་ལེན་མཐའ་ཡས་པ་ཡོད་པའི་ནང་ནས་གཙོ་བོ་གཤེན་བྲུ་ཞུ་སྤ་རྨེའུ་སོགས་གདན་ས་སོ་སོའི་རྩ་བའི་གཞུང་མི་འདྲ་བ་ཆེར་མེད་ཀྱང་། ཆོ་ག་ཕྱག་ལེན་གྱེར་དབྱངས་གར་འཆམ་འབུད་རྡུང་དཀྲོལ་གསུམ་གྱི་རྣམ་པ་མི་འདྲ་བ་ཕྲན་བུ་ཡོད་པའི་ནང་ནས་འདིར་རྒྱལ་རིགས་བྲུ་ཚང་གི་ཕྱག་སྲོལ་གཙོ་བོར་བཟུང་ནས་བོན་གྱི་གསང་སྔགས་ཆོ་གའི་ཕྱག་ལེན་མཐའ་དག་ཚུལ་བཞིན་ཉམས་ལེན་བྱས་དང་བྱེད་མུས་ཐོག་གཡུང་དྲུང་བོན་གྱི་གཞུང་ལུགས་ཁག་ལ་ཐོས་བསམ་སྒོམ་སྒྲུབ་བརྩོན་བཞིན་པ་བཅས།། །།
,
Kathmandu,
༄༅།།ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་ནི།བོད་ཡུལ་དུ་ཞུ་གཡས་རྣམ་རྒྱལ་བསྟན་པ་མཆོག་གིས་ཐོག་མར་ཞུ་རི་ཞིང་གཡུང་དྲུང་ཀུན་གྲགས་གླིང་ཏུ་ཕྱག་བཏབ་ཅིང་།རྒྱ་གར་འཕགས་པའི་ཡུལ་དུ་བླ་མ་གཡུང་དྲུང་ཚུལ་ཁྲིམས་མཆོག་གིས་གཡུང་དྲུང་བོན་གྱི་བསྟན་པ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཆེད་ཕྱི་ལོ་༡༩༨༤ལོར་འབྲས་ལྗོངས་ར་ཝང་ལ་ཀུན་ཕན་གླིང་དུ་བྱེས་ཀྱི་གདན་ས་འདི་ཉིད་ཕྱག་བཏབ།དེང་སྐབས་མཁན་པོ་དགེ་བཤེས་ཉི་མ་སེངྒེ་མཆོག་དབུ་བཞུགས་འོག་བོད་རིགས་དང་མོན་པ།བལ་པོ་དང་ཤར་པ།རྟ་མང་གུ་རུང་བཅས་ནས་དགེ་འདུན་པ་ཞལ་གྲངས་༡༣ཙམ་བཞུགས་སོ།།།།
,
Sikkim,
༄༅། །རྫ་སྨོན་རྒྱལ་གཡུང་དྲུང་གླིང་ནི། གླིང་ཚང་ཆོས་རྒྱལ་ཆེན་པོའི་མངའ་འབངས་སུ་ཆོས་ལུགས་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་སུམ་ཅུ་ལྷག་ཞིག་ཡོད་པའི་ནང་ཚན། ཇ་འགོ་རྫོང་གསུམ། ཚ་བསྟན་སྨོན་གསུམ་ཞེས་པའི་མ་དགོན་དྲུག་གི་ཡ་གྱལ་ཡིན་ཞིང་། རྫ་སྨོན་རྒྱལ་དགོན་གྱི་བསྟན་པའི་བདག་པོ་༸རིག་འཛིན་ཀུན་གྲོལ་འཇའ་ཚོན་སྙིང་པོས་དུས་རབས་བཅོ་བརྒྱད་པའི་འགོར་ཕྱག་བཏབ། དེ་ནས་སྐུ་ཕྲེང་རིམ་བྱོན་དང་། ལྷག་པར་དུ་གཏེར་སྟོན་ཆེན་མོ་ཀུན་གྲོལ་སྐུ་ཕྲེང་དྲུག་པ་༸ཧཱུྃཿ ཆེན་འགྲོ་འདུལ་གླིང་པ་མཆོག་ནི། བོད་ཡུལ་ལ་དུས་འགྱུར་མ་བྱུང་བའི་ཡར་སྔོན་དུ་གླིང་ཚང་རྒྱལ་བློན་དུ་མའི་དབུ་བླ་རུ་བཀུར། དེ་རྗེས་རིམ་བཞིན་རྒྱལ་པོའི་སྐུ་འཁོར་དང་བཅས་པ་འཕགས་ཡུལ་དུ་ཕེབས་ཏེ། ཕྱི་ལོ་ ༡༩༧༢ལོར་རྒྱ་གར་ཨུ་ཊར་ཁནྜ་མངའ་སྡེའི་སྡེ་ར་སྡུན་མན་ཌུ་ཝ་ལ་ཞེས་པའི་ས་གནས་སུ་བྱེས་ཀྱི་ཁམས་གླིང་ཚང་གཞིས་ཆགས་གསར་འཛུགས་གནང་། དེ་ནས་རྒྱལ་པོ་མཆོག་གིས་མ་འོངས་པར་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་དགོས་རྫ་སྨོན་རྒྱལ་དགོན་གྱི་བསྟན་པ་ལ་དགོངས་ཏེ། ཕྱི་ལོ་ ༡༩༧༤ ཟླ་ ༩ ཚེས་ ༢༩ཉིན་ཧཱུྃ་ཆེན་བླ་མའི་དངོས་སློབ་སྨོན་རྒྱལ་དགོན་གྱི་བླ་མ་འཕྲིན་ལས་རྒྱ་མཚོ་མཆོག་ལ་རྫ་སྨོན་རྒྱལ་དགོན་གྱི་ས་སྐལ་གནང་སྟེ། ཕྱི་ལོ་ ༡༩༧༥ ལོ་ནས་བླ་མ་འཕྲིན་ལས་རྒྱ་མཚོས་ལུས་སྲོག་གང་ལ་ཡང་མ་འཛེམས་པར་ཐབས་ཤེས་གང་དྲག་ཐོག་༸ཀུན་གྲོལ་ནམ་མཁའ་འཕྲིན་ལས་དབང་རྒྱལ་རིན་པོ་ཆེའི་བླ་བྲང་དང་གྲྭ་ཤག་འཁོར་ཁང་སོགས་གསར་སྐྲུན་གནང་། ཕྱི་ལོ་ ༡༩༩༥ལོར་གླིང་ཚང་དབུ་འཛིན་གཙོས་པའི་རྒན་རབས་འགའ་ཡིས་༸ཞྭ་དཀར་བསྟན་པའི་མངའ་བདག་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་༣༣པ་མཆོག་ལ། གླིང་ཚང་སྡེ་པའི་ཡུལ་མི་རྣམས་ཀྱི་རེ་འདུན་ལྟར། རྫ་སྨོན་རྒྱལ་དགོན་འདིར་གཙུག་ལག་ཁང་ཞིག་མཆོད་པའི་རྟེན་དང་བླ་གྲྭ་གཏན་བཞུགས་གནང་མཁན་བཅས་དགོས་པའི་ཞུ་ཡིག་ཕུལ་དོན་ལྟར། ༸སྐྱབས་རྗེ་མཆོག་གིས་བསྟན་འགྲོའི་དོན་དུ་རྒྱ་ཆེར་གཟིགས་ནས་བླ་ཁྲི་མཁན་པོ་དགེ་བཤེས་ཉི་མ་གྲགས་པ་རིན་པོ་ཆེ་མཆོག་ལ་གླིང་གཞིས་སྨོན་རྒྱལ་དགོན་པའི་གཙུག་ལག་ཁང་གསར་བཞེངས་གནང་རྒྱུའི་ཐུགས་འགན་བཞེས་དགོས་ལུགས་སོགས་བཀའ་གནང་བ་བཞིན། གདན་ས་སྨན་རི་ནས་༸སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡོངས་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་གཙོས་པའི་བླ་སྤྲུལ་ཁག་གཅིག་གདན་ཞུས་གནང་སྟེ། ཕྱི་ལོ་ ༡༩༩༦ཟླ་ ༥ཚེས་༡༢ཉིན་༸སྨན་རིའི་དཔོན་སློབ་ཡོངས་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། ༸ཀུན་གྲོལ་ནམ་མཁའ་འཕྲིན་ལས་དབང་རྒྱལ་རིན་པོ་ཆེ་རྣམ་གཉིས་གཙོ་བོ་དབུ་བཞུགས་མཛད་ནས། ༸ཀུན་གྲོལ་ནམ་མཁའ་འཕྲིན་ལས་དབང་རྒྱལ་རིན་པོ་ཆེ་མཆོག་གི་ལོ་ཁམས་དང་མཐུན་པའི་ས་སྐྱ་རབ་བརྟན་དགོན་པའི་མཆོག་སྤྲུལ་༸ངག་དབང་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་རྟེན་འབྲེལ་གྱི་རྨང་གཞིའི་ས་བརྐོས་དབུ་འཛུགས་གནང་། དེ་རྗེས་གླིང་གཞིས་འབྲེལ་ཡོད་ལས་བྱེད་རྣམས་དང་། ལྷག་དོན་ཨོ་རྒྱན་འགྱུར་མེད་སོགས་ཀྱིས་དགོན་འདིའི་གསར་བཞེངས་ཀྱི་ལས་དོན་ཆེ་ཕྲ་གང་ཅིའི་ཐོག་ཕྱག་ལས་གང་ལེགས་གནང་ནས། དགོན་འདིའི་ནང་གི་རྟེན་དང་ཕྱིའི་བརྟེན་པ་ཡོངས་རྫོགས་ལེགས་གྲུབ་བྱུང་། དེ་ནས་ཞྭ་དཀར་བསྟན་པའི་མངའ་བདག་༸སྐྱབས་རྗེ་༸རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ལ་མངའ་དབུལ་རབ་གནས་དང་སྒོ་འབྱེད་མཛད་སྒོར་བཅས་ལ་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་ཐུགས་དགྱེས་ཚོར་ཆེན་པོའི་ཞལ་བཞེས་ཐོག ཕྱི་ལོ་ ༢༠༠༠ ཟླ་ ༡༠ ཚེས་ ༩ཉིན་འགོ་བཙུགས་ཏེ་༸སྐྱབས་རྗེ་༸ཁྲི་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག མངའ་དབུལ་རབ་གནས་རྒྱས་པ་མཛད་གནང་བ་དང་། ལྷག་པ་དུ་༸སྐྱབས་རྗེ་རྒྱལ་བ་སྨན་རི་བ་མཆོག་གིས་གླིང་ཚང་ལྷ་སྡེའི་ཡུལ་མི་ཡོངས་ལ་ཚེ་དབང་དང་བཀའ་སློབ་གནང་སྐབས། ༸སྐྱབས་རྗེ་སྨན་རི་བ་མཆོག་གིས། གླིང་ཚང་ཡུལ་མི་ཡོངས་ལ་བསྟོད་བསྔགས་དང་འབྲེལ་ཏེ་མི་རབས་གོང་མའི་རྗེས་འཛིན་རེད། ད་ལྟ་བར་དུ་ཡག་པོ་གནང་བཞགབཀའ་དྲིན་ཆེ་དགའ་པོ་བྱུང་། ད་དུང་མ་འོངས་པར་ཡང་སྔར་བཞིན་གནང་རོགས་གནང་ཞུས་དོན་བཞིན་དབུ་འཛིན་རྣམ་པ་གཙོས་པའི་མི་རབས་རྒན་པ་ཀུན་གྱིས་དགའ་ཚོར་ཆེན་པོས་ལེགས་སོ་ཞུས། དེ་ནས་གོང་མའི་སྲོལ་རྒྱུན་བཞིན་༸སྟོན་པ་གཤེན་རབ་མི་བོ་ཆེའི་འཁྲུངས་མཆོད་གཙོས་པའི་རང་ལུགས་ཀྱི་དུས་ཆེན་དག་ལ་ཆོ་ག་འདྲ་མིན་གྱི་སྒོ་ནས་སྔ་སྲོལ་བཞིན་འཚོགས་ཀྱི་ཡོད། གཙུག་ལག་ཁང་གི་རྟེན་གཙོ་༸སྟོན་པ་གཤེན་རབ་མི་བོ་ཆེའི་སྐུ་དང་། གཤེན་ལྷ་འོད་དཀར། སྲིད་པ་སངས་པོ་འབུམ་ཁྲི། ༸སྟོན་པ་གཤེན་རབ་མི་བོ་ཆེའི་བཀའ་རིན་པོ་ཆེ་དང་། བཀའ་བརྟེན་སོགས་གསུང་རབ་ཀྱི་སྐོར་མང་། གཞན་ཡང་སྒྲུབ་ཁང་ནང་དུ་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་གིས་རྒྱུ་གསེར་ཟངས་ལས་གྲུབ་པའི་རྟེན་སྐལ་སྟོན་པ་ལོངས་སྤྱོད་རྫོགས་སྐུ་དང་། གཞན་ཡང་རྒྱལ་བ་འདུས་པ། ཀུན་དུ་བཟང་པོ། ཡི་དམ་གསས་མཁར་མཆོག་ལྔ། ཡི་དམ་སྟག་ལྷ་མེ་འབར། བསྟན་སྲུང་གཙོ་མོ་སྲིད་པ་རྒྱལ་མོ་སོགས་ཀྱི་སྐུ་བཞུགས་ཡོད།
,
Maharashtra,
༄༅།།སོག་གཡུང་དྲུང་གླིང་བོན་པོ་དགོན་པ་ནི།ཕྱི་ལོ་༢༠༡༣ ཟླ་ ༤ ཚེས་ ༢༥ ཉིན་༸མཁན་པོ་ཡོན་ཏན་རྒྱ་མཚོ་རིན་པོ་ཆེ་མཆོག་གིས་འབྲས་ལྗོངས་ལྷོ་ཕྱོགས་གཡང་སྒང་ཡུལ་དུ་ཕྱག་བཏབ། དགོན་པ་འདི་བཞེངས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ཆོས་ལུགས་དང་རིག་གཞུང་མི་ཉམས་རྒྱུད་འཛིན་དང་ཉམས་པ་སླར་གསོའི་ཆེད་དུ་ཡིན་ལ། སྒོས་ཧི་མཱ་ལ་ཡའི་མི་རིགས་ཉམ་ཐག་སློབ་མ་རྣམས་ལ་གནའ་དེང་ཤེས་ཡོན་སྦྱོང་བའི་གོ་སྐབས་བཟང་པོ་སྤྲོད་རྒྱུའི་ཆེད་དུ་ཡིན། དགོན་པ་འདིར་སྐུ་རྟེན་གཙོ་བོ་སྟོན་པ་གཤེན་རབ་མི་བོའི་སྐུ་འདྲ་དང་། གསུང་རྟེན་བཀའ་འགྱུར་བརྟེན་འགྱུར་དང་།ཐུགས་རྟེན་གཡུང་དྲུང་བཀོད་ལེགས་མཆོད་རྟེན་བཞུགས་ཡོད། སློབ་མ་ཡོད་དོ་ཅོག་སློབ་གྲྭར་བསྐྱོད་ནས་དེང་གི་སློབ་སྦྱོང་དང་དགོན་པར་ཡོང་ནས་ནང་ཆོས་སྦྱོང་གི་ཡོད། ད་ལྟའི་ཆར་གྲྭ་པའི་ཞལ་གྲངས་༤༤དང་།བཙུན་མའི་ཞལ་གྲངས་༢༩ཡོད་པས་ཁྱོན་བསྡོམས་སློབ་གྲངས་༧༣ཡོད། དེའི་ནང་ནས་གྲྭ་པ་བརྒྱད་བལ་ཡུལ་༸ཁྲི་བརྟན་ནོར་བུ་རྩེ་ལ་གཞུང་ལུགས་འཆད་རྩོད་བྱེད་བཞིན་དང་། སློབ་མ་གཉིས་དྷརྨ་ས་ལར་ལྷ་འབྲི་དགེ་རྒན་བཟང་པོའི་མདུན་ནས་ཐང་ག་འབྲི་བརྡར་བྱེད་མུས་ཡིན། སློབ་མ་གཅིག་འབྲས་གཞུང་སྨན་གྱི་མཐོ་སློབ་ཅིག་ཏུ་སྨན་གྱི་སློབ་སྦྱོང་ལ་གཞོལ་ཞིང་། སློབ་མ་གཉིས་ཝཱ་ཎའི་མཐོ་སློབ་དུ་སློབ་གཉེར་བྱེད་ཀྱི་ཡོད། སློབ་མ་བུ་མོ་ཞིག་ནི་འབྲས་ལྗོངས་སྒེར་སློབ་ཆེན་པོར་སྦྱོང་བཞིན་ཡོད།།།།
,
Sikkim,
༄༅། །ཕྱི་ལོ་ ༡༩༥༩ ལོར་རྒྱ་མིས་བོད་དབང་སྒྱུར་བྱས་པའི་དུས་སུ་བོན་གྱི་གྲྭ་ས་གོང་མ་དཔལ་ལྡན་བཀྲ་ཤིས་སྨན་རི་དགོན་གྱི་༸སྐྱབས་རྗེ་མཁན་ཆེན་ཁྲི་འཛིན་སོ་གཉིས་པ་ཤེས་རབ་བློ་གྲོས་རིན་པོ་ཆེ་མཆོག་དང་། གྲྭ་ས་འོག་མ་རབ་ལེགས་གཡུང་དྲུང་གླིང་གི་༸སྐྱབས་རྗེ་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་རིན་པོ་ཆེ། ༸སྐྱབས་རྗེ་ཡོངས་འཛིན་དཔོན་སློབ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ། ༸སྐྱབས་རྗེ་སྨན་རིའི་ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག་རིན་པོ་ཆེ་གཙོས་པའི་བོན་གྱི་བླ་སྤྲུལ་སྐྱེས་ཆེན་དུ་མ་ཞིག་བོད་ནས་རྒྱ་བལ་གཉིས་ཀྱི་ཁུལ་དུ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བ་རེད། ༸སྐྱབས་རྗེ་སྨན་རིའི་མཁན་རབས་སོ་གཉིས་པ་ཤེས་རབ་བློ་གྲོས་རིན་པོ་ཆེ་མཆོག་གིས་རྒྱལ་བསྟན་སླར་གསོ་ཡོང་ཆེད་འཛམ་གླིང་རྒྱལ་སྤྱིའི་རོགས་ཚོགས་སུད་སིའི་རྒྱ་གྲམ་དམར་པོ་དང་མཐུན་སྦྱོར་གནང་བ་ལ་བརྟེན་ནས་ཕྱི་ལོ་ ༡༩༦༠ ཐམ་པའི་ལོར་བལ་ཡུལ་ཌོར་པ་ཊན་ནོར་འཛིན་གླིང་གཞིས་ཆགས་དབུ་བཙུགས་པ་དང་དུས་མཚུངས་སུ་དགོན་པ་འདི་ཉིད་ཕྱག་བཏབ། སྐབས་དེ་དུས་དགོན་པའི་ཐུགས་འགན་གཙོ་བོ་སྨན་རིའི་མཁན་ཆེན་ཤེས་རབ་བློ་གྲོས་མཆོག་གིས་བཞེས་གནང་གིས་ཕྱག་བཏབ་པ་ཡིན་པས་ཕྱིས་འབྱུང་བོན་གྱི་ལོ་རྒྱུས་རི་མོའི་ནང་གལ་ཆེན་ཞིག་ཆགས་ཡོད། ཁོང་གི་རྗེས་ལ་གཞིས་དགོན་གཉིས་ཀྱི་ཐུགས་འགན་ཁྱུང་བླ་ཚུལ་ཁྲིམས་ཉི་མ་མཆོག་གིས་བཞེས་ཏེ་གཞིས་ཆགས་འདིར་སློབ་གྲྭ་བཙུགས་པ་དང་། ལྷག་པར་དུ་མི་མང་ཉམ་ཆུང་དང་དབུལ་པོ་སོགས་ལ་རོགས་སྐྱོར་གནང་བ་མ་ཟད། དྭ་ཕྲུག་དང་ཉམ་ཐག་གི་ཕྲུ་གུ་སོགས་ལ་ཟས་གོས་ཀྱི་མཐུན་རྐྱེན་སྦྱར་གནང་ཡོད། ཁོང་ཡོངས་པ་རྫོགས་རྗེས་མཁན་པོ་བསོད་ནམས་རྒྱལ་མཚན་མཆོག་གིས་དགོན་འདི་བསྐྱངས་གནང་། དེ་ནས་ཕྱི་ལོ་ ༡༩༩༦ ཟླ་ ༥ ནང་དབྲ་ཙ་དགེ་བཤེས་བསྟན་འཛིན་དར་རྒྱས་ལགས་བཀྲ་ཤིས་དགེ་རྒྱས་མཐའ་བརྟན་གླིང་གི་མཁན་པོ་བསྐོ་གཞག་གནང་སྟེ་དགོན་འདིའི་ཕྱི་ནང་གི་འགན་དབང་ཡོངས་སུ་བཞེས་ཏེ། ༡༩༩༨ ལོར་ཕྱི་ནང་གི་དད་སྦྱིན་རྣམས་ཀྱི་རོགས་སྐྱོར་འོག་དགོན་འདིའི་ཚོགས་ཁང་རྙིང་པ་ཞིག་གསོས་དང་འབྲེལ་ཚོགས་ཁང་གསར་པ་ཞིག་བཞེངས་པ་སོགས་བསྟན་འགྲོའི་དོན་ཆེན་གྱི་མཛད་འཕྲིན་རྒྱས་བཞིན་བཞུགས། ཕྱི་ལོ་ ༡༩༨༧ ལོ་ནས་བཟུང་རག་ཤི་སྨན་དགེ་ཚུལ་ཁྲིམས་སངས་རྒྱས་མཆོག་ཀྱང་ས་གནས་དེར་ཕེབས་རྗེས་སྔར་སྲོལ་གསོ་རིག་འབུམ་བཞིའི་སློབ་གྲྭ་གསར་འཛུགས་ཀྱིས་རྒྱུད་འཛིན་སློབ་ཚོགས་རྒྱུན་སྐྱོང་དང་། ས་གནས་ཡུལ་མི་དང་རང་རིགས་མི་མང་བཅས་ལ་ཕན་པ་སྒྲུབ་བཞིན་ཡོད། ད་ལྟ་དགོན་འདིར་མཁན་པོ་བསྟན་འཛིན་དར་རྒྱས་མཆོག་དང་གྲྭ་པ་ཁ་ཤས་ལས་མེད་ཀྱང་སྔགས་འཆང་འདུས་ཚོགས་རྣམས་ཀྱིས་ནང་བསངས་དགོང་འདོན་དང་།རྒྱུན་ཆགས་དུས་ཆེན་འདུ་ཚོགས་སོགས་ཆད་མེད་འཚོགས་བཞིན་པ་མ་ཟད། དབྱར་དུས་སུ་གསོ་རིག་འབུམ་བཞིའི་སློབ་དགེ་རྒན་ཚུལ་ཁྲིམས་སངས་རྒྱས་མཆོག་དང་དགེ་ཕྲུག་བཅུ་ཕྲག་ལྷག་སོགས་གནས་སྡོད་གནང་བཞིན་ཡོད་པ་བཅས།། །།
,
Kathmandu,
༄༅།།ཕྱི་ལོ་༡༩༩༤ ལོར་ལ་དྭགས་གནས་སྡོད་བོན་འབངས་མི་རབས་རྒན་པས་འགན་བཞེས་ལམ་སྟོན་འོག་ཚང་མས་སྐུ་ལས་མཛད་དེ།སྤྱི་པའི་འདུ་འཛོམས་གནང་སའི་སྤྱི་ཁང་བཞེངས་ཏེ་ཉ་སྟོང་ཚེས་བརྒྱད་སོགས་ལ་བསང་གསོལ་འཕྲིན་བཅོལ་དང་འབུམ་ལྗགས་ཀློག་སོགས་རང་གི་ཆོས་རིག་གཅེས་གཉེར་ཐུགས་འགན་གནང་ཡོད། སྐབས་དེར་སྤྱི་ཁང་གི་ངོ་བོ་ལས་དགོན་པའི་མཚན་གང་ཡང་མེད། ཁྱུང་རིགས་དགེ་བཤེས་ལུང་རིགས་ཉི་མ་མཆོག་གིས་ཕྱི་ལོ ༢༠༠༢ དགོན་པ་འདི་གསར་བཞེངས་གནང་། ཁོང་ནི་ཕྱི་ལོ ༢༠༡༧ ལོར་གྲྭ་ས་སྨན་རི་དགོན་ནས་ས་གནས་ལ་དྭགས་གཤེན་བསྟན་གཡུང་དྲུང་ལྷ་རྩེའི་མཁན་པོའི་མཚན་གསོལ་ཁྲི་བཞེངས་མཛད། སྐུ་རྟེན་གཙོ་བོ་སྨན་འདམ་ལས་གྲུབ་པའི་གཤེན་རབ་མི་བོ་ལོངས་སྤྱོད་རྫོགས་སྐུའི་ཆས་ཅན་ཆེ་བ་གཅིག་དང་། དེ་བཞིན་ཟངས་ལས་གྲུབ་པའི་བདེར་གཤེགས་གཙོ་བཞིའི་སྐུ་བརྙན། རྒྱུ་གསེར་ཟངས་ལས་གྲུབ་པའི་སྟོན་པ་རྫོགས་སྐུའི་ཆས་ཅན་གཅིག རྒྱུ་གསེར་ཟངས་ལས་གྲུབ་པའི་རྒྱལ་བ་མཉམ་མེད་ཡབ་སྲས་གསུམ་གྱི་སྐུ་བརྙན། དེ་བཞིན་ཡི་དམ་སྟག་ལ། ཁྲོ་བོ་གཙོ་མཆོག ཡུམ་ཆེན་ཤེས་རབ་བྱམས་མའི་སྐུ་བརྙན་སོགས་བཞུགས་ཡོད།གསུང་རྟེན་ལ་གཡུང་དྲུང་བོན་གྱི་བཀའ་འགྱུར་དཔེ་གཟུགས་ཚར་གཅིག་དང་།དེབ་གཟུགས་ཚར་གཅིག བཀའ་བརྟེན་ལའང་སྔགས་དང་། རྫོགས་ཆེན།མདོ་མཚན་ཉིད། ཆོ་གའི་སྐོར་སོགས་མང་པོ་བཞུགས་ཡོད།ཐུགས་རྟེན་ལ་གཡུང་དྲུང་བཀོད་ལེགས་མཆོད་རྟེན་ཟངས་མ་ལས་གྲུབ་པ་གཅིག་དང་། རྒྱུ་ཟངས་ལས་དངུལ་རྩི་བྱུགས་པ་གཡུང་དྲུང་བཀོད་ལེགས་མཆོད་རྟེན་གསུམ་བཅས་ཀྱི་ནང་རྟེན་བཞུགས་ཡོད། འདི་གར་གྲྭ་པ་གཉིས་དང་། སྔགས་པ་ལྔ། སྔགས་མ་གཉིས་ཡོད་ཅིང་། བསྟན་སྲུང་གཙོ་མོ་སྲིད་པའི་རྒྱལ་མོའི་ཚོགས་མཆོད་དང་། འབུམ་དག་སྒྲོག་དང་། དུ་ཏྲི་སུ་སྒྲིབ་སྦྱོང་གི་ཆོ་ག་འཆར་ཅན་འདོན་གྱི་ཡོད། རང་གཞུང་ནས་བོད་བསྟན་སྲིད་སླད་ཞབས་རིམ་སྒྲུབ་དགོས་གསུང་འཕྲིན་ནམ་ཕེབས་ལ་སྐབས་བསྟུན་ཞབས་རིམ་བསྒྲུབས་དང་སྒྲུབ་མུས་ཡིན། སྤྱིར་སློབ་གྲྭའི་གུང་གསེང་དང་དམིགས་བསལ་དགུན་དུས་སློབ་གྲྭའི་གུང་གསེང་དང་བསྟུན་ན་གཞོན་ཚོར་རང་གི་ཆོས་རིག་སློབ་ཁྲིད་བྱེད་མུས་དང་། སྐབས་རེ་གཡུང་དྲུང་བོན་གྱི་ལོ་རྒྱུས་དོན་གཉེར་ཅན་ཕེབས་མཁན་སུ་ཡིན་ལ་སློབ་ཁྲིད་གནང་གི་ཡོད།། །།
,
Ladakh,
༄༅།།དཔལ་གཤེན་བསྟན་སྨན་རིའི་གླིང་དགོན་ནི། བོད་ཡུལ་དུ་དབུས་གཙང་གཞིས་རྩེའི་ཁུལ་ད་ལྟ་རྣམ་གླིང་རྫོང་ཁོངས་གཙང་ཐོབ་རྒྱལ་ཤར་རི་ཕོ་བ་རིའི་མགུལ་དུ་༸རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་(༡༣༥༦-༡༤༡༥) གིས་ཕྱི་ལོ་ ༡༤༠༥ ལོར་ཕྱག་བཏབ། གདན་ས་དེ་ནི་བོད་གངས་ཅན་ལྗོངས་ཀྱི་བོན་གྱི་གྲྭ་ས་གཙོ་བོ་དང་།སྨན་རིའི་མཁན་རབས་རིམ་བྱོན་རྣམས་བོན་འབངས་ཡོངས་ཀྱི་གཡུང་དྲུང་བོན་གྱི་དབང་ལུང་མན་ངག་སྤྱི་དང་།ཁྱད་པར་དུ་རྣམ་དག་འདུལ་ཁྲིམས་ཟབ་མོའི་བསྟན་འཛིན་ཡོངས་ཀྱི་གཙུག་རྒྱན་དུ་གྱུར་ཡོད།ད་ཕན་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ནས་ལུང་རྟོགས་ཟླ་བ་དར་རྒྱས་བར་དུ་སྨན་རིའི་མཁན་རབས་༣༤བྱོན་ཡོད། རྒྱ་གར་འཕགས་ཡུལ་ཧི་མཱ་ཅལ་གྱི་མངའ་ཁོངས་བོན་གཞིས་ཐོབ་རྒྱལ་གསར་པ་རུ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་(༡༩༢༩-༢༠༡༧) གིས་ཕྱི་ལོ་༡༩༧༠ལོར་བྱེས་ཀྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་ཕྱག་བཏབ་ཅིང་། གཙུག་ལག་ཁང་དང་རྟེན་གཙོ་སྨན་འདམ་ལས་གྲུབ་པའི་སྟོན་པ་གཤེན་རབ་མི་བོ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་ཐོག་བརྩེགས་གཅིག་ཅན་དང་།རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་དང་།སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་སྐུ་ཟངས་གསེར་ལས་གྲུབ་པའི་ཐོག་བརྩེགས་གཅིག་ཅན།ཁྲི་འཛིན་གོང་མ་སྨན་རིའི་ཁྲི་འཛིན་༣༢པ་ཤེས་རབ་བློ་གྲོས་ཀྱི་གསེར་གདུང་དང་། རྩ་བའི་བླ་མ་གཡུང་དྲུང་གླིང་གི་མཁན་ཆེན་ཤེས་རབ་བསྟན་པའི་རྒྱལ་མཚན་གྱི་གསེར་གདུང་། ཡོངས་འཛིན་མཐུ་བོ་སངས་རྒྱས་བསྟན་འཛིན་གྱི་གསེར་གདུང་།དེ་བཞིན་བཀའ་དང་བཀའ་བརྟེན་སོགས་ཕྱི་ནང་གི་རྟེན་དང་བརྟེན་པ་བཅས་ལེགས་པར་བཞེངས། ཕྱི་ལོ་༡༩༧༨ལོར་རིན་པོ་ཆེ་མཆོག་གིས་གཡུང་དྲུང་བོན་བཤད་སྒྲུབ་འདུས་སྡེ་གསར་དུ་བཙུགས་ཏེ་ཐུན་མིན་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་དང་ཐུན་མོང་བོད་ཀྱི་རིག་གནས་ཀུན་ལ་འཆད་ཉན་སློབ་གཉེར་གནང་བའི་རབ་འབྱམས་པ་རྣམས་ལ་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་འབུལ་བའི་སྲོལ་ཡང་ཚུགས་ནས་ད་བར་དགེ་བཤེས་གྲངས་༡༦༥ལ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་ཕྱག་འཁྱེར་གནང་ཡོད། ཕྱི་ལོ་ ༡༩༨༨ ལོ་དང་ཕྱི་ལོ་༢༠༠༧བཅས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གདན་ཞུས་ཆིབས་བསྒྱུར་བཀའ་དྲིན་སྔ་ཕྱི་ཐེངས་གཉིས་བསྐྱངས་ཏེ་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་འཆད་ཉན་གྱི་འབྲས་རྟགས་རྣམས་སྤྱན་སྔར་བསྟར་བས་ཐུགས་སྣང་ཆེན་པོས་ཞིབ་གཟིགས་དགྱེས་ཉམས་དང་བསླབ་པ་མཐར་སོན་པའི་དགེ་བཤེས་རྣམས་ལ་ངོས་བཞེས་ཕྱག་རྟགས་བསྩལ་རྒྱུའི་ཞལ་བཞེས་ཀྱང་ཐོབ། བཤད་སྒྲུབ་སློབ་གཉེར་བ་རྣམས་བོད་ཟླ་དང་པོའི་ཚེས་༢༣ནས་གནམ་གང་བར་ཤེས་རབ་སྨྲ་བའི་སེངྒེའི་སྒྲུབ་པ་ནས་བོད་ཟླ་བཅུ་གཉིས་པར་ཁྲོ་ཕུར་གཉིས་ཀྱི་དགུ་གཏོར་ཆེན་མོ་བཅས་ཟླ་རེའི་བསྙེན་སྒྲུབ་ཁག་སྔོན་རྒྱལ་བ་སྨན་རི་བའི་ཕྱག་སྲོལ་ལྟར་གནང་བཞིན་ཡོད།སྨན་རིའི་ཁྲི་འཛིན་༣༣པ་མཆོག་གིས་གདན་ས་འདི་དང་པོ་ཕྱག་བཏབ་པ་ནས་རིམ་པས་དཔལ་ལྡན་སྨན་རིའི་བླ་བྲང་གསར་བཞེངས་དང་།བོན་སྐྱོང་སྲུང་མའི་སྒྲུབ་མཆོད་ཀྱི་ལྟེ་གནས་སྨན་རིའི་སྒྲུབ་དབང་དྲག་ཕོ་བྲང་།ཆོས་ལུགས་རིས་སུ་མ་ཆད་པའི་གསུང་རབ་བཞུགས་པའི་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ཆེན་མོ་དང་།གཡས་རུའི་སྟོན་པ་བཅོ་བརྒྱད་དང་སྨན་རིའི་མཁན་རབས་རིམ་བྱོན། གཡུང་དྲུང་གླིང་གི་མཁན་རབས་རིམ་བྱོན། མཁར་སྣའི་རྒྱལ་ཚབ་རིམ་བྱོན་བཅས་ཀྱི་སྐུ་གདུང་བཞུགས་པའི་སྐུ་གདུང་ཁང་དང་།ཐུན་མིན་བོད་ཀྱི་གསོ་རིག་ཉམས་གསོའི་ཆེད་ཕྱི་ལོ་༢༠༡༤ལོར་གསོ་རིག་འབུམ་བཞིའི་མཐོ་སློབ་སྨན་རིའི་གླིང་སོགས་གསར་རྒྱག་གནང་། གཞན་ཡང་རྒྱལ་ཁབ་ཕྱི་ནང་ཀུན་གྱི་མི་རིགས་ལ་འབྲེལ་མཐུད་དང་དགོན་པའི་ཕྱི་ནང་གི་བྱ་བཞག་ཆེ་ཕྲ་ཀུན་ལ་གཟིགས་རྟོག་དང་འཛིན་སྐྱོང་ཆེད་དབུས་གཡུང་དྲུང་བོན་གྱི་འཛིན་སྐྱོང་ལྷན་ཚོགས་དང་།བོན་ཕྲུག་ཕོ་མོ་རྣམས་ལ་ཤེས་ཡོན་སྦྱོང་སའི་ལྟེ་གནས་བོན་ཕྲུག་བདེ་དོན་དང་བོན་བུ་ཁྱིམ་ཁང་སོགས་གསར་འཛུགས་གནང་།གཞན་ཡང་གཡུང་དྲུང་བོན་གྱི་བཙུན་མའི་འདུས་སྡེ་བཙུན་དགོན་རཏྣ་སྨན་གླིང་དང་། སེར་སྐྱ་རིས་མེད་ཀྱི་ཉམས་ལེན་གནང་སའི་སྔགས་དགོན་གཤེན་གྱི་གསང་སྔགས་སྒོམ་སྒྲུབ་གླིང་བཅས་ཕྱག་བཏབ། ཕྱི་ལོ་༢༠༡༨ལོར་༸སྐྱབས་རྗེ་ལུང་རྟོགས་ཟླ་བ་དར་རྒྱས་མཆོག་ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་སྨན་རིའི་ཁྲི་འཛིན་༣༤པར་བརྟག་རིལ་དུ་བབ།ཁོང་གིས་ཁྲི་འཛིན་གོང་མ་རྩ་བའི་བླ་མ་༸སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གི་སྐུ་ང་འདྲ་མ་དང་།གསེར་གདུང་གཟི་བྱིན་རང་འབབ།སྐུ་གདུང་མཆོད་རྟེན་རྣམ་དག་དཀར་པོ།འདུལ་ཁང་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་སྐུ་སོགས་བཞེངས་གནང་། ཕྱི་ལོ་༢༠༢༠ལོར་སྨན་རིའི་རྫོགས་ཆེན་སྒོམ་སྒྲུབ་འདུས་སྡེའི་སྒྲུབ་གྲྭ་བསྐྱར་གསོ་གནང་ནས་སྔ་དགོང་ལ་སྦྱིན་པ་རྣམ་བཞི་སྟེ་བསང་དང་གཏོར་མ།བསུར་དང་ལུས་སྦྱིན་སོགས་ཆག་མེད་གནང་ནས་སྔོན་འགྲོ་འབུམ་དགུ་བསགས་སྦྱངས་དང་།རྩ་རླུང་ཞགས་བརྒྱ།མུན་མཚམས་ཞེ་དགུ། བཅུད་ལེན་བཅས་ཀྱི་ཉམས་ལེན་བསྐྱངས་ནས་ད་བར་སྒྲུབ་གྲྭ་སློབ་ཐོན་གཉིས་པ་ཟིན་བཞིན་ཡོད།གཞན་ཡང་ཐོག་བརྩེགས་བཞི་ཅན་གྱི་གཞི་རིམ་སློབ་གཉེར་ཁང་གསར་བཞེངས་ཀྱིས་ད་ཆ་གཞི་རིམ་སློབ་མ་གྲངས་༤༠ཙམ་ལ་བོད་ཡིག་རྨང་གཞིའི་འདོན་ཀློག་འབྲི་གསུམ་དང་།སུམ་རྟགས།སྦྱིན་པ་རྣམ་བཞི།ཨིན་ཡིག་འབྲི་ཀློག འདོན་ཚོགས་ཆོ་ག་ཕྱག་ལེན་བཅས་སྦྱོང་བཞིན་མཆིས། དེང་སྐབས་དཔལ་གཤེན་བསྟན་སྨན་རིའི་གླིང་དགོན་དུ་བོད་པ་དང་ཁུ་ནུ་བ། འབྲས་ལྗོངས་པ། བལ་པོ་བ་བཅས་དགེ་འདུན་པ་ཞལ་གྲངས་ ༢༨༢ ཙམ་བཞུགས་སོ།། །།
,
Himachal Pradesh,